《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月20日

“སྣེ་ཁྲིད་པའི་ནུས་འབྲས”ལ་བརྟེན་ནས“སྣེ་ཁྲིད་པ་མང་པོའི་གསོན་ཤུགས”འཕེལ་བར་བྱས་པ།

—— གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ར་ཐང་ཤང་པོ་ཏོག་གྲོང་ཚོའི་ངལ་ལས་བར་ཁེ་བ་ཉི་མ་རྡོ་རྗེའི་སྐོར་བཀོད་པ།

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ར་ཐང་ཤང་པོ་ཏོག་གྲོང་ཚོའི་ངལ་ལས་བར་ཁེ་བ་ཉི་མ་རྡོ་རྗེ་ནི་རྣམ་གླིང་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད་ལ། རྣམ་གླིང་རྫོང་གིས་གྲོང་གསེབ་ཀྱི་ངལ་ལས་བར་ཁེ་བ་གསོ་སྐྱོང་བྱེད་པའི་མཚོན་བྱེད་མི་སྣ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས། གྲོང་གསེབ་ཀྱི་ངལ་ལས་བར་ཁེ་བ་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ། “སྣེ་ཁྲིད་པའི་ནུས་འབྲས”ལ་བརྟེན་ནས“སྣེ་ཁྲིད་པ་མང་པོའི་གསོན་ཤུགས”འཕེལ་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་བསྣན་ཡོད།

སྔོན་ཆད་ཉི་མ་རྡོ་རྗེ་ནི་གླ་པ་ཞིག་ཡིན་པས། ལོ་ལྟར་གང་སར་ངོ་ཤེས་བཙལ་ནས་ས་ཆ་གཞན་དུ་གླ་པར་སྐྱོད་པའི་གོ་སྐབས་འཚོལ་དགོས་ཀྱི་ཡོད། 2000ལོ་ནས་བཟུང་། ཉི་མ་རྡོ་རྗེ་ངལ་ལས་བར་ཁེ་བར་གྱུར་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱིར་གླ་པར་སྐྱོད་འགོ་ཚུགས་པ་དང་ཡུལ་མི་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་ནུས་ཤུགས་གང་ཡོད་བཏོན་ཡོད།

དྲང་པོའི་ལས་བྱས་བདེན་པའི་ལྟོ་བཟས་ཏེ་ལས་མིར་གླ་ཆ་འགྱངས་ཆད་གཏན་ནས་མི་བྱེད་པའི་རྩ་དོན་ལ་བརྟེན་ནས་ཉི་མ་རྡོ་རྗེའི་ལས་མི་ཡང་ཐོག་མའི་མི་གསུམ་ནས་ད་ཆའི་མི་300ལྷག་ཙམ་བར་མང་དུ་ཕྱིན་ཡོད་ལ། ལས་ཞུགས་ཀྱི་རིགས་ཀྱང་འཕྲུལ་ཆས་ཚོགས་ཆུང་དང་། ལས་ཀ་འགན་གཙང་ཚོགས་ཆུང་། ཉིན་གླ་ཚོགས་ཆུང་བཅས་རིགས་གསུམ་ལ་དབྱེ་ཡོད། ན་ནིང་ཁོང་གི་སྐུལ་ཁྲིད་འོག མི་300ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་ནང་། རྫོང་དེའི་མང་ཚོགས་165ཡོད་པ་དང་། ཁོང་ཚོར་ཡོང་འབབ་སྒོར་ཁྲི་420བྱུང་ཡོད།

ཉི་མ་རྡོ་རྗེའི་བྱས་རྗེས་རྣམ་གླིང་རྫོང་གི་ས་ཕྱོགས་གང་སར་ཁྱབ་པ་དང་། ཁོང་གིས་སྣེ་ཁྲིད་པའི་ཞིང་འབྲོག་པའི་གླ་པའི་རུ་ཁག་དེ་གཏན་འཇགས་ཀྱི་ངལ་ལས་ཕྱིར་གཏོང་ཚོགས་པར་གྱུར་ནས། མཚོ་སྔོན་དང་ཤིན་ཅང་སོགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། ཉི་མ་རྡོ་རྗེས་ཁོང་ཚོར་འབབ་འཕར་ཐབས་ལམ་འཚོལ་རོགས་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུ་བྱུང་བར་གྲོང་མི་ཚོས་དྲིན་ཚོར་ཆེན་པོ་བྱེད་ཀྱི་ཡོད།

ཁོང་གི་སྤྱོད་བཟང་ལས་རྣམ་གླིང་རྫོང་གི་ངལ་ལས་ཕྱིར་གཏོང་གི་ཕན་འབྲས་དང་མངོན་མེད་སྟོབས་ཤུགས་གང་ལེགས་མཚོན་པས། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྔར་ལས་མང་བར་ལྕག་སྐུལ་ཐེབས་ནས་ཕྱི་ལ་ཡོང་འབབ་འཚོལ་བར་བསྐྱོད་ཡོད། ན་ནིང་ར་ཐང་ཤང་གིས་མི་ཐེངས་4197ལས་ཞུགས་གཞན་སྒྱུར་བྱས་པ་དང་ཡོང་འབབ་སྒོར་ཁྲི་7094བྱུང་ཡོད།

ན་ནིང་། རྣམ་གླིང་རྫོང་གིས《རྣམ་གླིང་རྫོང་གི་2024ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་ལས་ཞུགས་འབབ་འཕར་གྱི་ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པའི་ལག་བསྟར་ཞིབ་སྲོལ》བཟོས་ནས་དོན་འཁྱོལ་བྱས་ཏེ། ལས་ཞུགས་གཞན་སྒྱུར་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་46ལ་བྱ་དགའི་དངུལ་སྒོར་ཁྲི་102.4དང་ངལ་ལས་བར་ཁེ་བ་56ལ་མང་ཚོགས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་བྱ་དགའི་དངུལ་སྒོར་ཁྲི་61.71སྤྲད་ཡོད།

(པད་ཆོས་ཀྱིས་བསྒྱུར། བསྟན་བློས་ཞུས)