མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་སློབ་འབྲིང་གི་དམའ་འབྲིང་ལོ་རིམ་གཉིས་པའི་བོད་ཡིག་དགེ་རྒན་སྐལ་བཟང་ཕུར་བུས“བོད་ལྗོངས་སློབ་གསོའི་ཇོ་མོ་གླང་མའི་དར་ཆའི་སྤྲིན་ཚོམས་ལས་སྟེགས”ཀྱི་ཐད་གཏོང་བརྙན་ཤེལ་ལ་བློ་རྩེ་གཅིག་སྒྲིམ་གྱིས་ལྟ་བཞིན་ལག་ཁྱེར་གློག་ཀླད་དུ་སློབ་ཚན་གྱི་གཙོ་གནད་ཟིན་བྲིས་ནན་ཏན་རྒྱག་བཞིན་འདུག བརྙན་ཤེལ་ནང་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་བོད་སྐད་ཡིག་གི་དཔེ་སྟོན་སློབ་ཚན་ཡག་པོ་ཞིག་འཚོག་བཞིན་ཡོད་པ་རེད།
གྲོང་གསེབ་སློབ་གྲྭ
གྲངས་འཛིན་ཅན་གྱི་རླབས་རྒྱུན་འོག་འགྱུར་ལྡོག་ཆེན་པོ་བྱུང་བ།
ས་དགའ་རྫོང་སློབ་འབྲིང་དུ་དགེ་རྒན་བྱས་ནས་ལོ་16ཙམ་སོང་བའི་སྐལ་བཟང་ཕུར་བུས་སློབ་གྲྭ་དེ་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ནས་གྲངས་འཛིན་ཅན་གྱི་སློབ་ཁྲིད་བྱེད་སྟངས་བར་འཕེལ་རྒྱས་བྱུང་བའི་འགྱུར་ལྡོག་བརྒྱུད་ཡོད། “དེ་སྔོན་སློབ་ཚན་འཚོག་སྐབས་ནག་པང་དང་ས་སྨྱུག་ལ་བརྟེན་དགོས་ཀྱི་ཡོད། ད་ཆ་དཀར་པང་དང་PPTསྤྱོད་ཆོག་པས་སྣ་མང་ཕུན་སུམ་ཚོགས་པའི་པར་རིས་དང་། བརྙན་ལམ། འགུལ་རིས་བཅས་ལ་བརྟེན་ནས་རྟོག་བཟོ་བྱེད་དགོས་པའི་ཤེས་བྱ་དག་གོ་བདེ་ཤེས་སླ་རུ་གཏོང་ཐུབ་པས་སློབ་མ་རྣམས་སློབ་སྦྱོང་ལ་དགའ་ཞེན་ཆེ་རུ་ཤུགས་ཆེན་ཕྱིན་འདུག”ཅེས་སྐལ་བཟང་ཕུར་བུས་བཤད།
ད་ཆ་ས་དགའ་རྫོང་སློབ་འབྲིང་དུ་སློབ་གསོ་གྲངས་འཛིན་ཅན་གྱི་གྲུབ་འབྲས་གང་སར་མཐོང་རྒྱུ་ཡོད་ཅིང་། སློབ་ཁྲིད་ཀྱི་དཀར་པང་དང་ཕབ་གཏོང་ཁང་སོགས་གྲངས་འཛིན་ཅན་གྱི་སྒྲིག་ཆས་ཆ་ཚང་པོ་ཡོད། གྲངས་འཛིན་ལྟ་ཀློག་ཡོ་ཆས་280ཡོད་པས་སློབ་མ་3རེས་ལྟ་ཀློག་ཡོ་ཆས་རེ་སྤྱོད་ཆོག་པ་དང་། AIསྐད་ཡིག་སློབ་ཚན་གྱི་རིག་ནུས་སྐད་བརྡའི་ལན་འདེབས་སྒྲིག་ཆས་60ཡོད་པས“སློབ་ཁྲིད་དང་། སློབ་སྦྱོང་། ཞིབ་འཇུག”བཅས་གཞི་གཅིག་ཅན་གྱི་ཉེར་སྤྱོད་རྣམ་པ་བཏོད་ནས་སློབ་ཚན་གྲ་སྒྲིག་གི་ཐོན་ཁུངས་དང་། སློབ་ཁྲིད་གདེང་འཇོག སློབ་གསོའི་རྣམ་པ་སོགས་གནད་དོན་མང་པོ་ཞིག་ཐག་གཅོད་ནུས་ལྡན་ཐུབ་ཡོད།
མཐུན་སྦྱོར་ཤུགས་འདོན།
རིག་ནུས་སློབ་གསོའི་ཁོར་ཡུག་གསར་པ་ཆ་སྒྲིག་འཛུགས་གཏོད་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“21+21”ཀྱི་སྤུས་ལེགས་ཐོན་ཁུངས་ཁྱོན་ཡོངས་ལ་ཁྱབ་པའི་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ། སློབ་གསོ་ཆ་འཕྲིན་ཅན་གྱི་དཔེ་སྟོན་སློབ་གྲྭ་21སྤྱི་འདོམས་བྱས་ནས་རྫོང་21གི་སློབ་གྲྭ་མང་པོར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་བ་དང་། “རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ནུས་སློབ་གསོའི་ལས་སྟེགས”དང“བོད་ལྗོངས་སློབ་གསོའི་ཇོ་མོ་གླང་མའི་དར་ཆའི་སྤྲིན་ཚོམས་ལས་སྟེགས”ལ་བརྟེན་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ས་ཆའི་འགོག་རྐྱེན་ལས་བསྒྲལ་ཏེ་གྲོང་གསེབ་ཀྱི་སློབ་ཁང་དུ་གནད་སྨིན་འབྱོར་ཡོད།
སློབ་གསོ་ཆ་འཕྲིན་ཅན་གྱི་དཔེ་སྟོན་སློབ་གྲྭ་21གིས་ལས་སྟེགས་གཉིས་ལ་བརྟེན་ཏེ་བྱ་ཐབས་མི་འདྲ་བ་སྤྱད་ནས་སྤུས་ལེཌ་ཀྱི་སློབ་ཚན་དང་། སློབ་ཁྲིད་ཀྱི་དཔེ་གཞི། གྲངས་འཛིན་དཔེ་མཛོད་ཁང་སོགས་སློབ་གསོའི་ཐོན་ཁུངས་གསར་པ་བརྗེས་པས་གྲོང་གསེབ་དགེ་རྒན་གྱི“སྤྲིན་སྣེའི་སློབ་སྦྱོང་ས་ཚིགས”ལ་གྱུར་ཡོད། “སྤྲིན་སྣེའི་སློབ་ཚན”ཐོག་བོད་སྐྱོར་དགེ་རྒན་གྱིས་ཡོངས་བསྒྲགས་སློབ་ཚན་དང་དེ་བཞིན་རྐང་འཛིན་དགེ་རྒན་གྱིས་དཔེ་སྟོན་སློབ་ཚན་འཚོགས་པ་དེ་རྒྱུན་འཇགས་སུ་སོང་བ་དང་། དཔེ་སྟོན་སློབ་གྲྭ་རེ་འགས་ཟླ་རེར་གོང་ལ་བརྒྱུད་གཏོང་བྱས་པའི་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དེ་ཉིད་གྲོང་གསེབ་དགེ་རྒན་གྱི་སློབ་ཚན་གྲ་སྒྲིག་བྱེད་པའི“སྣེ་འཛོམས་སྒམ”ལ་གྱུར་ཡོད། དཔེ་སྟོན་སློབ་གྲྭས་ཆ་སྒྲིག་སློབ་གྲྭ་དང་མཉམ་དུ་ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་གྱི་བསླབ་གཞི་གསལ་འགྲེལ་གྱི་འཆད་ཁྲིད་བལྟས་ནས། གྲོང་གསེབ་དགེ་རྒན་སློབ་ཁྲིད་སྒྱུར་བཅོས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་སྙེགས་སུ་བཅུག་ཡོད། དེ་སྔ་གྲོང་ཁྱེར་གྱི་སློབ་གྲྭ་ཁོ་ནར་དབང་བའི་ཐོན་ཁུངས་དེ་དག་འོད་སྐུད་བརྒྱུད་དེ་གངས་རི་དང་རི་ཀླུང་བརྒལ་ནས་གྲོང་གསེབ་ཀྱི་སློབ་ཁང་དུ་མཐོང་ཆོས་སུ་གྱུར་ཡོད།
དེ་དང་ཆབས་ཅིག་གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན“21+21”གི་འབྲེལ་ཡོད་སློབ་གྲྭས་སློབ་ཁྲིད་བྱེད་སྟངས་ཀྱི་འགྲན་བསྡུར་དང་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་དེ། གྲོང་གསེབ་དགེ་རྒན་ལ་གྲངས་འཛིན་བྱང་ཚད་མཐོ་རུ་གཏོང་བའི་ལས་སྟེགས་བསྐྲུན་པ་མ་ཟད། དགེ་རྒན་གྱིས་གྲངས་འཛིན་ཅན་གྱི་ལས་སྟེགས་དང་ལག་ཆ་གང་ལེགས་སྤྱོད་པར་རམ་འདེགས་བྱས་ཏེ་གྲོང་གསེབ་ཀྱི་སློབ་ཁང་དང་རིག་ནུས་སློབ་གསོ་གོམ་སྟབས་གཅིག་གྱུར་ཡོང་བར་བྱས་ཡོད།
ཐོག་མའི་ཀུན་སློང་།
ལག་རྩལ་ལ་བརྟེན་ནས་སློབ་མའི་འཚར་ལོངས་ལ་མཐུན་རྐྱེན་སྦྱར་བ།
སྐྱིད་གྲོང་རྫོང་སློབ་འབྲིང་གི་དགེ་རྒན་ཡེ་ཤེས་ཚེ་བརྟན་གྱི་ངོས་ནས་བརྗོད་ན། སློབ་གསོ་གྲངས་འཛིན་ཅན་གྱི་གཙོ་གནད་ནི་སྟབས་བདེའི་ལག་རྩལ་ཕུང་གསོག་རྒྱག་རྒྱུ་དེ་མིན་པར། སློབ་མའི་འཚར་ལོངས་གཙོ་བོར་བཟུང་ནས་ལག་རྩལ་གྱིས་སློབ་གསོར་ཞབས་འདེགས་ཞུ་རྒྱུ་དེ་རེད། “སློབ་གསོ་གྲངས་འཛིན་ཅན་ནི་སློབ་ཚན་འཚོགས་སྐབས་སློབ་མར་སྒེའུ་ཁུང་མང་པོ་ཞིག་ཕྱེ་བ་ལྟར་དེ་བས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མཐོང་ཐུབ་ཆེད་རེད། ལོ་དེ་དག་ནང་ང་ལ་ཐོབ་པའི་གྲུབ་འབྲས་ཡག་ཤོས་ནི་ལག་རྩལ་བྱང་མ་ཞིག་ཏུ་གྱུར་པ་ཙམ་མིན་པར། དཔེ་ཁྲིད་མི་སྐྱོང་གི་མཐོང་ཚོར་གསར་པ་རྙེད་པ་དེ་རེད། ངས་བལྟས་ན་ལག་རྩལ་ག་ཚོད་ལེགས་ཀྱང་སློབ་མའི་བློ་སྒོ་འབྱེད་ཐུབ་སྐབས་ཀྱི་མི་སེམས་སྒུལ་བའི་རྣམ་པ་དེ་དང་བསྡུར་ཐབས་བྲལ་བ་རེད་སྙམ་གྱི་འདུག”ཅེས་ཡེ་ཤེས་ཚེ་བརྟན་གྱིས་བཤད།
ད་ཆ། རང་ལྗོངས་ཀྱིས་གྲངས་འཛིན་ཅན་གྱི་སྣ་འདུས་ཐབས་བཟང་ལ་བརྟེན་ནས་གྲངས་འཛིན་ཅན་གྱི“མཐའ་མའི་འགག་གནད”སེལ་བཞིན་ཡོད་ཅིང་། རིག་ནུས་བརྙན་ཤེལ་ཆེན་པོར་བརྟེན་ནས་ས་མཐོའི་སློབ་ཚན་ལ་བཀྲག་མདངས་སྦྱིན་པ་དང་སྤྲིན་ཚོམས་སློབ་ཚན་དག་དྲ་བ་བརྒྱུད་གྲོང་གསེབ་ལ་ཤར་གཏོང་བྱས་པའི“གྲངས་འཛིན་མཁའ་ལམ”འདི་ནི་ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བའི་ལག་ལེན་གསར་གཏོད་ཅིག་རེད་ལ། སློབ་མ་རྩ་བར་འཛིན་པའི་ཉམས་ལེན་གསར་པ་ཞིག་དེ་བས་ཀྱང་རེད།
(བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)