《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月15日

༄༅ཨ་མ་དྲན་པའི་གླུ་ཆུང་།

འོད་འཛིན་མ།

ལན་བུ་རེ་རེའི་རྩ་ནས་རྔུལ་ཆུ་དང་། །

གཉེར་མ་རེ་རེའི་འོག་ནས་སེམས་ཚེགས་ཀྱིས། །

བརྩེ་བའི་མིག་ཟུང་མདའ་མོ་ངར་ཕྱོགས་པའི། །

བྱམས་ལྡན་དྲིན་ཆེན་ཨ་མར་གླུ་འདི་ཤོར། །

གཞོན་པའི་ལང་ཚོ་ལོ་དང་དུས་ཀྱིས་ཟོས། །

སྣང་བའི་སྤྲིན་དཀར་འདབ་མ་ས་རུ་ལྷུངས། །

ད་དུང་འཁང་ར་ལེ་བདའི་གཡའ་མེད་པའི། །

དུས་བཞིའི་ཁྲོད་ཀྱི་ཨ་མ་སྙིང་རེ་རྗེ། །

ཞོགས་པའི་སྐྱ་རེངས་སྐྱ་མདའ་ཁྱེད་ཀྱིས་བསུ། །

ཉི་ནུབ་སྲོད་ཀྱི་མུན་པའང་ཁྱོད་ཀྱིས་འཐུ། །

ཉིན་མཚན་ཁོར་མོར་བྲེལ་ཞིང་འདུར་བ་ཡི། །

རྒྱང་རིང་ཡུལ་གྱི་ཨ་མ་ཤ་རེ་ཚ། །

སྐྲ་ཡི་ཁ་དོག་ལོ་ཟླའི་བ་མོས་བཀྲུས། །

ཞལ་གྱི་རང་མདངས་ཉིན་བཞིན་ཉམས་གྱུར་པ། །

སྣ་ཚོགས་ནད་ཀྱིས་ལུས་སེམས་གཙེས་ན་ཡང་། །

སྐུ་ངལ་གསོ་ལོང་མེད་པའི་ཨ་མ་སྐྱོ། །

འདི་ནས་ང་ཡིས་ཁྱེད་རང་སེམས་སུ་བསྒོམས། །

འདི་ནས་ང་ཡིས་ཁྱེད་རང་གླེང་བཞིན་བསྡད། །

འདི་ནས་ང་ཡིས་ཁྱེད་རང་དབྱངས་རྟར་དྲངས། །

འདི་ནས་ང་ཡིས་ཁྱེད་ལས་གཞན་མི་དྲན། །

ལག་པའི་ཕྱི་ནང་གས་པའི་རྨ་ཁ་ལས། །

བཞུར་བའི་ཆུ་སེར་ང་ཡི་མིག་ཆུ་ཡིན། །

རུས་པའི་ལྷུ་ལག་འཐོར་འདྲའི་ན་ཟུག་ཀྱང་། །

བདག་སེམས་སྙི་མོ་སྐྱོ་བའི་གཞི་མར་གྱུར། །

ལོ་དང་ཟླ་བ་མཐུད་ནས་འཚོ་བའི་སླད། །

སྐུ་ལུས་གཙུབ་བརྡར་གཏོང་བའི་རྣམ་ཐར་ལ། །

གཞིགས་ན་ཞེ་རྩ་སྨྲེང་བས་མི་བཟོད་ཀྱང་། །

རེ་ཞིག་དྲིན་གཟོ་དཀའ་བས་དགོངས་དག་ཞུ། །

བདག་ལུས་གཤོག་མེད་ཁྱེད་སར་མ་སླེབས་མོད། །

སེམས་ཀྱི་རྟ་ཕོ་བར་མེད་ཁྱེད་སར་འཕྱན། །

ཐ་ན་རྨི་ལམ་ཞིང་དུའང་ཁྱེད་ཉིད་ཀྱི། །

གམ་དུ་ཆས་པ་རེ་ཟུང་ག་ལ་ཡིན། །

དབུ་སྐྲ་སྐྱི་བསེར་རླུང་བུས་གཡོས་ན་ཡང་། །

གདོང་ལ་རྡུལ་གྱི་མུན་པ་འཐིབས་ན་ཡང་། །

ད་དུང་རེ་བའི་གོམ་ཆུང་མི་ལྷོད་པར། །

བུ་ཕྲུག་སྙིང་ཁར་འཆང་མཁན་མ་ཁྱེད་དྲན། །

གྱེས་བྲལ་གདུང་བ་ལག་པས་མི་ཟིན་དུས། །

ཁེར་རྐྱང་ན་ཟུག་མིག་ཆུས་སེལ་དཀའ་དུས། །

བྱམས་བརྩེའི་འོད་ཕུང་འཁྱིལ་བའི་མ་མ་ཁྱེད། །

ལྷག་ཏུ་དྲན་ཏེ་སྔས་མགོ་མཆི་མས་བརླན། །