《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月15日

ངལ་གསོའི་ལེའུ་།

གོས་སྔོན་བཏིང་འདྲའི་རྩྭ་ཐང་ནི། །

གཡུ་ཡི་མཎྜལ་བཞེངས་དང་མཚུངས། །

སྤྲིན་དཀར་མུ་ཏིག་འཐོར་འདྲའི་འོག །

དཀར་དམར་མེ་ཏོག་སྡུག་གུར་བཀྲ །

བསམས་ན་དྲན་ངོར་འཆར་སླ་ཞིང་། །

བལྟས་ན་མིག་གི་དགའ་སྟོན་ཞིག །

བསྡད་ན་ཉམས་དགུའི་སྣང་བ་ཞིག །

ལང་ལོང་དྲན་པའི་ཀློང་ནས་འཕྱུར། །

ཁོར་ཡུག་སྔོ་ལྗང་ཉམས་དགའི་དབུས། །

ལྕང་སྡོང་ཕོན་པོའི་བསིལ་གྲིབ་འོག །

བག་ཡངས་རྩེད་འཇོའི་སྣང་བར་བྲེལ། །

ངལ་གསོའི་ལེའུ་འདི་རུ་བཀོད། །

དུས་ཀྱི་དབྱར་གཞུང་རེ་རེ་ལ། །

ལང་ཚོའི་རྗེས་ཤུལ་རེ་རེ་ཡོད། །

ལོ་ཆུང་སྣང་བའི་ཁ་དོག་དེ། །

ཚོར་བའི་རི་མོའི་རྒྱན་དུ་སྤྲས། །

ཆུ་དང་ཆུ་ཕྲན་ལྷོད་ཀྱིས་བཞུར། །

ཤིང་དང་ལྗོན་པ་ཚར་དུ་དངར། །

ཁུ་བྱུག་གསུང་སྐད་ཕྱོགས་བཞིར་གྲགས། །

ངོ་མཚར་མཛེས་སྡུག་མིག་གི་གསོས། །

ཉི་མ་ནུབ་རིར་བཞུད་པའི་རྗེས། །

མཚན་མོའི་ཟླ་བ་སྒོར་ཞིང་གསལ། །

རླུང་བུ་འཇམ་པོ་དལ་གྱིས་ལྡང་། །

སེམས་པ་ངལ་གསོའི་ཚུལ་དུ་ཞུགས། །

ཟླ་འོད་མག་མོག་འཆར་བའི་འོག །

ཚོགས་དྲུག་སྣང་བའི་རི་མོ་བཀྲ །

ཡིད་འོང་ལྷིང་འཇགས་ཉམས་དགའ་ཞིང་། །

འཚོ་བའི་གྲུ་ཟུར་འོད་ཀྱིས་ཁྱབ། །

དབྱར་གསུམ་ས་གཞིར་དྲོད་ཁོལ་རྒྱས། །

བདེ་སྣང་གཟི་སྟོབས་མངར་མོའི་ཁྲོད། །

སྙན་ངག་མཛའ་གླུ་སྙན་པོ་དེ། །

མགྲིན་པའི་ཀློང་ནས་ཐོལ་གྱིས་བརྡོལ། །