《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月15日

ཚོར་གཞས་སྒྱུ་མའི་གར་སྟབས་།

སྤྲིན་པ་ཐར་ཐོར་གྱི་ཕར་ངོགས་དེ་ན། །

ཟླ་འོད་མག་མོག་ཅིག་འཛུམ་པའི་འོག་ཏུ། །

དཔྱིད་གསུམ་ལྗང་མདོག་ལ་ཟིལ་པ་ཆཊ་དུས། །

བརྩེ་བའི་མེ་ཏོག་ཅིག་ངང་གིས་འབུས་སོང་། །

བསིལ་རླུང་འཇམ་པོ་ཞིག་ཤུར་ཤུར་ལྡང་དུས། །

གཡུ་མདོག་རྩྭ་ལྗང་གི་མགོ་ལྕོག་ལྡེམ་ལྡེམ། །

དབྱར་གསུམ་མཛེས་པ་ལ་རེ་སྒུག་བྱེད་ཞོར། །

སྙན་ཚིག་པི་ཝང་གི་རོལ་མོ་དཀྲོལ་ཡོད། །

འདྲིས་པའི་ལོ་ཟླ་དེ་རིང་མིན་ཐུང་མིན། །

སྐད་ཅིག་ཡུད་ཙམ་ལ་གྱེས་དགོས་བྱུང་སོང་། །

འདས་དོན་རི་མོ་ཡི་ཞལ་ཁ་ཕྱེ་ན། །

ཚོར་འདུ་ལྷག་མ་ཞིག་སྙིང་ཁར་ལུས་སོང་། །

སྨུག་སྤྲིན་ལང་ལོང་ཞིག་རྒྱུ་བའི་འདབས་ནས། །

སྣང་བ་དཀར་དམར་གྱི་མེ་ལོང་ངོས་ལ། །

མི་འགྱུར་གསང་ཚིག་གི་རི་མོ་ཕབ་པ། །

ཤ་དང་རུས་གསེང་དུ་ཡང་ཡང་བརྐོས་ཡོད། །

ཟླ་བ་དལ་དལ་ངང་ཕར་ལ་བཞུད་དུས། །

དྲན་པའི་ཚོར་བ་འདི་ཚུར་ལ་ཇེ་ཉེ། །

བསིལ་རླུང་བུ་མོ་ཡི་གླུ་སྒྲར་ཉན་ཞོར། །

ནུབ་ཁའི་མཚམས་སྤྲིན་གྱི་ཕྱོཊ་སུ་འཁྲེང་ཡོད། །

ཁ་ཆར་ཟམ་ཟིམ་ཞིག་འབབ་པའི་ཡུལ་ན། །

སྨུག་སྤྲིན་དལ་དལ་གྱིས་རྒྱུ་བའི་ཕྱོགས་སུ། །

ཁང་པའི་སྒེའུ་ཁུང་ནས་ག་ལེར་ལྟ་དུས། །

རབ་མཛེས་ཁ་བ་ཡི་མེ་ཏོག་བཞད་འདུག །

འདས་དོན་རིང་མོ་ཡི་རྒྱབ་གཞུང་དེ་རུ། །

ཕྱིར་དྲན་སྣང་བརྙན་འདི་འགྱུར་བག་རྒོད་པས། །

དགའ་སྐྱོའི་སྤྲིན་པ་དེ་འཁོར་ཕྱོགས་མ་ངེས། །

ཆ་མེད་རྟོག་ཡན་གྱི་རླུང་བུ་ལྡང་ཡོང་། །