འདི་ག་ཚགས་པར་ཁང་དུ་རྒྱ་ཚ་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ། རྒྱ་ཚ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དམངས་ཕན་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཤིང་། སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་ལེན་པར་སྟབས་བདེ་སྐྲུན་པའི་བྱེད་སྒོར་མུ་མཐུད་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག ཞིང་འབྲོག་མང་ཚོགས་ཀྱི་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད།
རྩ་འཛུགས་ཀྱི་འགན་སྲུང་ཐད། ཆེད་དོན་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུ་ཐེངས་3འཚོགས་ནས་ཆེད་དོན་ཚན་ཁག་དང་ཚོགས་ཆུང་བཙུགས་པ་མ་ཟད། ལས་དོན་མི་སྣ་17འཐེན་ནས་ཁ་ལོ་བའི་སློབ་གྲྭ་1དང་མཉམ་འབྲེལ་ཐོག་ལག་བསྟར་ཇུས་གཞི་བཟོས་པ་རེད། རྫོང་ཡོངས་ལ་ཁྱབ་པའི་མཐིལ་རྟོགས་བརྟག་ཞིབ་ཐེངས་10ལྷག་ཙམ་བྱས་པ་བརྒྱུད་འགན་འཁྲིའི་གསལ་ཐོ་ཁག་11ཁ་གསལ་བཟོས་པ་དང་། ལས་ཀའི་བརྒྱུད་རིམ་ཁག་12ཞིབ་ཕྲ་བཟོས་པ། གཟུགས་པོ་བརྟག་དཔྱད་དང་། མིང་ཐོ་འགོད་པ། གསོ་སྦྱོང་། རྒྱུགས་སྤྲོད་པ་བཅས་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་གཅིག་སྡུད་བྱས་པ་མ་ཟད། ཞབས་འདེགས་ཞུ་ཡུལ་རིགས་3ལེགས་སྒྲིག་བྱེད་པ་དང་། རྒྱུགས་ལེན་དུས་ཡུན་ཉིན་དུས་30ཐུང་དུ་བཏང་བ། ཞབས་ཞུའི་སྤྱི་བསྒྲགས་ཐེངས་5ཁྱབ་བསྒྲགས་བཅས་བྱས་ཏེ་ལས་ཀའི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད།
དྲིལ་བསྒྲགས་ཁྲིད་སྟོན་ཐད། མང་ཚོགས་ཀྱི་རིག་གནས་རྨང་གཞི་ཞན་པའི་གནད་དོན་ལ་དམིགས་ཏེ་བོད་ཡིག་སློབ་ཁྲིད་རུ་ཁག་2བཙུགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་ཡུལ་74ལ་བསླབ་གཞི་3000སྤྲད་པ་རེད།
ངར་རབ་གྲོང་རྡལ་གྱིས“རྒྱུགས་སྤྲོད་གཤམ་སྤེལ”གྱི་ཞབས་ཞུའི་ས་ཚིགས་དང་པོ་བཙུགས་པར་མིག་སྔའི་བར་མི་1500ལྷག་ཙམ་གྱིས་མིང་ཐོ་བཀོད་ཡོད་པ་རེད། རྒྱུགས་མ་བཏང་གོང་གསོ་སྦྱོང་ཉིན་45བྱས་རྗེས། སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་གྱི་རྒྱུགས་སྤྲོད་མཁན་1050ཡོད་པའི་ཁྲོད་ནས་960ལ་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་རག་པ་དང་ཚད་གཞི་ལོན་ཚད་91.4%ཟིན་ཏེ། “རྒྱུགས་སྤྲོད་གཤམ་སྤེལ”གྱི་ཕན་འབྲས་ཐོན་ཚད་ལྷོ་ཁ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ཡོད།
འདི་ནི་རྒྱུགས་སྤྲོད་མཁན་གྱིས་བློ་རྩེ་གཅིག་སྒྲིམ་ངང་རྒྱུགས་གཏོང་བཞིན་པ།