《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月13日

ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས།

གནད་སྨིན་རོགས་སྐྱོར་གྱིས་ཁྲིམས་འཛིན་གྱི་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་བྲག་སྨུག་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས་གདན་ཞུས་ལྟར་རྐང་གཉིས་ཤང་སྲིན་བུ་རིའི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་བྱ་ཡུལ་དུ་བསྐྱོད་ནས“རྒན་གཅིག་གཞོན་གཅིག”དང་ལས་ཞུགས་བྱ་རྒྱུ་སྒུག་པའི་ཚོགས་སྤྱིའི་ཁྲིམས་སྐྱོང་དགོས་མཁོར་དམིགས་ནས“ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཆ་སྒྲིག་གཉེན་འཚོལ་ཟུང་འབྲེལ་བྱེད་པའི”བརྗོད་དོན་གཙོ་བོ་གཉིས་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་། ཁྱིམ་བདག ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་བཅས་ཀྱི་དགོས་མཁོ་མི་འདྲ་བར་དམིགས་ནས“མངག་བཀོད་ཅན”གྱི་ཁྲིམས་སྐྱོང་སློབ་ཚན་འཚོགས་པ་རེད།

ན་སོ་དར་ལ་མ་བབས་པའི་མི་དང་ཁྱིམ་བདག་གི་ཆེད་དོན་བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས“སློབ་གྲྭའི་བདེ་འཇགས་དང་ཁྱིམ་ཚང་གི་སྲུང་སྐྱོང”ལ་དམིགས་ཏེ། དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་དམངས་དོན་དབང་གནོད་དང་། བདེ་འཇགས་ཁྲིམས་འགལ། ཉེས་དོན་ཉེས་གསོག་བཅས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ། སློབ་གྲོགས་ཀྱི་བརྙས་བཅོས་དང་། ན་སོ་དར་ལ་མ་བབས་པའི་མིར་བཙན་གཡེམ་བྱེད་པ། དྲ་རྒྱའི་ཁ་བསླུས་སོགས་གླེང་མང་བའི་གནད་དོན་ལ་གཙོ་གནད་ཐོག་དབྱེ་ཞིབ་བྱས་པ་དང་ཁྱིམ་བདག་གི་ལྟ་སྐྱོང་འགན་འཁྲིར་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་བྱས་པ་མ་ཟད། ཕྲུ་གུ་ཚོར“བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་དང་། བཅའ་ཁྲིམས་ལ་བརྟེན་ནས་རང་སྲུང”བྱེད་དགོས་པའི་སློབ་གསོའང་བརྒྱབ་པ་རེད།

ལས་ཞུགས་བྱ་རྒྱུ་སྒུག་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས“སྤྱི་ཚོགས་ཀྱི་ཉེན་ཁ་སྔོན་འགོག”དང་དྲ་ཐོག་དངུལ་བུན་གྱི་དོང་རྙི་དང་། “རྩལ་ཐབས”ཀྱི་རླངས་འཁོར་ཉོ་བའི་གན་རྒྱ། ལས་གཏོད་བཅའ་ཁྲིམས་ཀྱི་རྨོངས་ཁུལ། ལས་བཟོའི་ཁེ་དབང་འགན་སྲུང་སོགས་ཐོན་སླ་བའི་གནད་དོན་མང་པོ་ཞིག་ལ་དམིགས་ནས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》སོགས་དང་ཟུང་འབྲེལ་བྱས་ཏེ་སློབ་ཐོན་སློབ་མར“གླ་ཕོགས་མཐོ་བའི་གདན་ཞུ”དང་། “ཐོག་མའི་འཇལ་དངུལ་མི་དགོས་པར་རླངས་འཁོར་ཉོ་བ”སོཌ་ཀྱི་རྩལ་ཐབས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། ཁྲིམས་སྐྱོང་ཐད་ལམ་ནོར་མི་ཐེབས་པ་བྱས་པ་རེད།

ཨ་མདོ་ཁྲིམས་ཁང་གིས་ཁྱིམ་ཚང་13ལ་ཆུ་སྐོལ་ཆས་དང་། ཇ་དམ། བཟའ་སྣུམ། གོས་འཁྲུད་གཤེར་ཁུ་སོགས་རིན་ཐང་སྒོར་3000ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་ཟོག་སྤྲད་པ་མ་ཟད། བྱིས་པར་དཔེ་ཁུག་དང་སྨྱུ་གུ་སོགས་སློབ་སྦྱོང་ཡོ་བྱད་གྲ་སྒྲིག་བྱས་ཏེ“ཁྲིམས་འཛིན་གཉེན་ཉེའི”ཐུགས་ཁུར་བརྒྱུད་སྤྲོད་བྱས་པ་རེད།