《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月13日

རིག་དཔལ་དར་བའི་སྤྱི་ཚོགས་ཀྱིས། བསམ་པའི་ཁྱིམ་གཞིས་ལེཌ་པར་བསྐྱངས།

—— ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ལ་བརྟེན་ནས་ཤེས་དཔལ་ཡར་ཐོན་གྱི་སྲོལ་གསར་གཏོད་པར་སྐུལ་འདེད་བཏང་བ།

ལོ་མང་རིང་། གྲ་ནང་རྫོང་གིས་བརྗོད་དོན་གཙོ་བོའི་སྣེ་ཁྲིད་དང་། ཐོན་ཁུངས་གཤམ་གཏོང་། དང་བླངས་མཉམ་སྐྱོད་བཅས་ཀྱི“ཕྱོགས་གསུམ་མཉམ་འགུལ”གྱི་རྣམ་པ་བརྒྱུད། རིག་དཔལ་གྱིས་ས་ཁམས་ཀྱི་བཀག་རྒྱ་ལས་བསྒྲལ་ནས་མི་རིགས་ཁག་གི་མང་ཚོགས་ཁྲི་5.8ཀྱི་བསམ་པའི་ཁྱིམ་གཞིས་ལེགས་པར་བསྐྱངས་ཡོད།

དམངས་ཡོངས་དཔེ་ཀློག་གི་རྣམ་པ་བཏོད་པ།

ད་ལོའི་ཟླ་གསུམ་པར། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་འདྲ་བར་གྲ་ནང་རྫོང་གིས“འཛམ་གླིང་དཔེ་ཀློག་ཉིན་མོའི”འགོ་ཚུགས་མཛད་སྒོ་འཚོགས་པ་དང་། རྫོང་དེས་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། སློབ་གྲྭ དེ་བཞིན་རྫོང་ཡོངས་ཀྱི་ལས་ཁུངས་ཚན་པ་ཁག་བཅས་དང་མཉམ་འབྲེལ་ཐོག་རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

“དཔེ་དེབ་མཉམ་སྤྱོད་འདུ་ཚོགས”དང“རིག་དཔལ་དར་བའི་གྲ་ནང་། འཚར་ལོངས་མཉམ་སྤྱོད། ཤེས་དཔལ་མཉམ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་སྙན་ངག་གྱེར་འདོན་དང་གཏམ་བཤད་འགྲན་བསྡུར་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་སྤེལ་བ་རེད། རྩོམ་རིག་དང་། ཚན་རིག་ཁྱབ་གདལ་གྱི་ཀློག་དེབ། གསར་བརྗེའི་སློབ་གསོའི་ཀློག་དེབ་སོགས་ལེགས་འདེམས་བྱས་ནས་གཞོན་ནུ་ལོ་ཆུང་གིས་དཔེ་དེབ་ལ་བརྟེན་ནས་གྲོགས་པོ་སྒྲིག་པར་ཁྲིད་སྟོན་བྱས་པ་དང་། དཔེ་ཀློག་ཟིན་བྲིས་རྒྱག་པ་དང་དཔེ་ཀློག་གི་བསམ་ཚུལ་སྤེལ་རེས་བྱས་པ་བརྒྱུད་མི་རྣམས་ཀྱི་དཔེ་ཀློག་གི་སྤྲོ་སྣང་དང་རྩོམ་འབྲིའི་སྤྲོ་སེམས་འཕེལ་བར་བྱས་པ། གསུང་རབ་དཔེ་དེབ་སྣ་ཚོགས་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ནང་གཞོན་ནུ་ལོ་ཆུང་གིས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་ཚོར་བ་དང་རིག་གནས་ཀྱི་གདེང་ཚོད་སྔར་བས་ཟབ་ཏུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི“འཛམ་གླིང་དཔེ་ཀློག་ཉིན་མོའི”བྱེད་སྒོར་རྫོང་ཡོངས་ཀྱི་དགེ་སློབ་དང་། ལས་བྱེད་པ། མང་ཚོགས་བཅས་ཁྱོན་མི་1000ལྷག་ཙམ་ཞུགས་པ་དང་། རིག་དཔལ་དར་བའི་སྤྱི་ཚོགས་ཁྲོད་ཚང་མའི་མཐོང་རྒྱ་ཡངས་སུ་དང་། བློ་སྒོ་ཕྱེ་བ། སེམས་ཁམས་གསོ་བ་བཅས་བྱས་པས་དམངས་ཡོངས་ཀྱི་དཔེ་ཀློག་གི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

དཔེ་ཀློག་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཇེ་ཆེར་ཕྱིན་པ།

ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་གྲ་ནང་རྫོང་རྔ་སྒྲ་ཤང་ལྕང་ཅན་གྲོང་ཚོ་ནི་རི་ཁུག་ཏུ་གནས་ཤིང་། གྲོང་ཚོའི་གཞོན་ནུ་མང་ཆེ་བ་ཕྱིར་སློབ་སྦྱོང་བྱེད་པའམ་ཡང་ན་ཕྱིར་ལས་ཀ་བྱེད་བཞིན་ཡོད། དུས་རྒྱུན་རྒན་རྒོན་དང་བྱིས་པ་མ་གཏོགས་གྲོང་ཚོའི་ནང་སྡོད་མཁན་ཧ་ལམ་མེད་པས། རིག་གནས་རོལ་རྩེད་བྱེད་སྒོ་བལྟོས་བཅས་ཀྱིས་སྤེལ་ཉུང་ཉུང་རེད། གྲོང་ཚོའི་ནང་དཔེ་དེབ་གསར་པ་ཁག་གཅིག་སླེབས་པ་ནས་བཟུང་། གཟའ་མཇུག་ཏུ་གྲོང་ཚོའི“ཞིང་པའི་དཔེ་དེབ་ཁང”འཁྲུག་ཆ་དོད་དུ་སོང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲ་ནང་རྫོང་གིས་རིག་གནས་དམངས་ཕན་འདུ་འགོད་བརྒྱུད“གཞི་རིམ་དུ་རིག་དཔལ་དར་བར”སྐུལ་འདེད་ཤུགས་ཆེན་བཏང་ཡོད། “ཞིང་པའི་དཔེ་དེབ་ཁང”62དང“དགོན་པའི་དཔེ་དེབ་ཁང”23ལ་དཔེ་དེབ་ཁྱོན་4900ལྷག་ཙམ་སྡེབ་སྐྱེལ་བྱས་པ་དང་འབྲེལ“སྐོར་སྐྱོད་དཔེ་དེབ་རླངས་འཁོར”སྒྲིག་འཛུགས་བྱས་ནས། ཐག་རིང་ས་ཁུལ་དུ་དཔེ་དེབ་བསྐྱལ་ནས་དཔེ་ཀློག་ཐོན་ཁུངས་མི་ཚོགས་དེ་བས་མང་བར་ཁྱབ་པར་བྱས་ཡོད།

དཔེ་ཀློག་ཞབས་ཞུས་མི་སེམས་དྲོས་པ།

བྱམས་པ་གླིང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པས་དར་མ་དང་རྒན་རྒོན་ལ་དཔེ་དེབ་ངོ་སྤྲོད་དང་ཀློག་དེབ་འདེམས་རོགས་བྱས་པ་མ་ཟད། ཡི་གེ་མི་ཤེས་པའི་རྒན་རྒོན་ལ་དམིགས་ནས་དང་བླངས་པས་ད་དུང་དཔེ་དེབ་མཉམ་དུ་ཀློག་པའི་ཞབས་འདེགས་ཀྱང་ཞུས་ཡོད།

གྲ་ནང་རྫོང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་དཔེ་ཀློག་ཞབས་ཞུ་དེ་མི་སེམས་དྲོ་བར་བྱེད་པའི་ཤེས་དཔལ་འདུ་འགོད་ཅིག་ལ་འགྱུར་བར་བྱས་ཡོད། “རྒན་རྒོན་ལ་རིག་དཔལ་དར་བར་བྱེད་པའི”དང་བླངས་ཞབས་འདེགས་ཕུད། ད་དུང་དམིགས་བསལ་ཚོགས་སྤྱིར་དམིགས་ནས“རིག་དཔལ་གང་མགྱོགས་དར་བར་བྱེད་པ”སོགས་ཀྱི་ཞབས་འདེགས་ཀྱང་ཞུས་ཡོད། གྲ་ནང་རྫོང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་དང་བླངས་པས་དམིགས་བསལ་གྱི་ཀློག་པ་པོ་ཚོགས་སྤྱིའི་དགོས་མཁོ་དང་དགའ་ཕྱོགས་ལ་གཞིགས་ནས། རྩོམ་རིག་དང་། རི་མོའི་དེབ། སྒྲུང་གཏམ་སོགས་དཔེ་དེབ་སྣ་ཚོགས་བདམས་ཏེ་སྐོར་སྐྱོད་དཔེ་དེབ་རླངས་འཁོར་སྤྱད་དེ་དཔེ་དེབ་སྒོ་རྩར་བསྐྱལ་བ་མ་ཟད། དཔེ་དེབ་ཀློག་རོགས་དང་དཔེ་ཀློག་འགྲེལ་བཤད་སོགས་ཀྱི་ཞབས་འདེགས་ཞུས་ནས་དམིགས་བསལ་ཚོགས་སྤྱིར་དཔེ་ཀློག་གི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་བར་བྱས་ཡོད།

(ཉི་དོན་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)

པར①ནི་གྲ་ནང་རྫོང་གི་མང་ཚོགས་ཀྱིས་ཤེས་དཔལ་ལག་ལེན་མཛུབ་ཁྲིད་ལྟེ་གནས་ཀྱི་དཔེ་དེབ་ཁང་དུ་དཔེ་དེབ་འཚོལ་བཞིན་པ།

པར②ནི་ཀློག་པ་པོ་གྲ་ནང་རྫོང་ཤེས་དཔལ་ལག་ལེན་མཛུབ་ཁྲིད་ལྟེ་གནས་ཀྱི་དཔེ་དེབ་ཁང་དུ་བསྐྱོད་ནས་དཔེ་དེབ་གཡར་བཞིན་པ།

པར③ནི་ཀློག་པ་པོས་གྲ་ནང་རྫོང་ཤེས་དཔལ་ལག་ལེན་མཛུབ་ཁྲིད་ལྟེ་གནས་ཀྱི་དཔེ་དེབ་ཁང་དུ་དཔེ་དེབ་ལྟ་བཞིན་པ།