ལྷ་སའི་ཚེ་མཆོག་གླིང་རིག་གནས་བསམ་བཀོད་གླིང་གི་ལས་དོན་ཁང་དུ་ལོ་65ལ་སླེབས་པའི་ངག་བཟང(ངག་དབང་བཟང་པོ)གིས་སྒུར་སྒུར་བྱས་ནས་སློབ་མ་ཧྥུང་ཅཱ་ལ་རི་མོའི་བརྩམས་ཆོས《འུན་ཤིང་ཀོང་ཇོ》བཟོ་བཅོས་བྱེད་ཕྱོགས་ཐད་མཛུབ་ཁྲིད་བྱེད་བཞིན་ཡོད། འབྲི་རས་ངོས་སུ་སྲོལ་རྒྱུན་གཏེར་ཚོན་སྤྱད་ནས་བྲིས་པའི་ཐང་གའི་རྒྱན་རིས་དང་དེང་རབས་རི་མོའི་ཉམས་སྣང་མཉམ་དུ་འདྲེས་པ་དེ་ནི་ཁོང་གི་ལོ་ངོ་ལྔ་བཅུའི་སྒྱུ་རྩལ་ལམ་བུའི་བསྡུས་རིས་དང་འདྲ་བར། ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་འཕེལ་རྒྱས་འགྲོ་ཞིང་པིར་སྨྱུག་ལ་བརྟེན་ནས་རིག་གནས་རྒྱུན་འཛིན་གྱི་བཀྲག་མདངས་མངོན་བཞིན་མཆིས།
↑ འདི་ནི་ངག་བཟང(རྒྱབ་ཀྱི་གཡོན)གིས་སློབ་མར་མཛུབ་ཁྲིད་བྱེད་བཞིན་པ།
ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པ། བྱིས་པའི་དུས་སུ་བཏབ་པའི་སྒྱུ་རྩལ་གྱི་ས་བོན།
1960ལོར་ངག་བཟང་ལྷ་སའི་གྲོང་ཁུལ་རྙིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། སློབ་ཆུང་གི་དུས་ནས་ཁོང་ལ་སྒྱུ་རྩལ་གྱི་སྐྱེས་སྟོབས་ཤེས་རབ་ཧ་ལས་དགོས་པ་ཞིག་ཡོད། ལོ་རིམ་གསུམ་པའི་སྐབས་སུ་བྲིས་པའི་རི་མོ་ཞིག་ལ་སློབ་གྲྭ་ཡོངས་ཀྱི་བྱིས་པའི་རི་མོའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་ཏུ་བརྩམས་ཆོས་ཐེངས་མང་བཀོད་མྱོང་ལ། མཛེས་རྩལ་དགེ་རྒན་གྱིས“རི་མོ་མཁས་ཅན་ཆུང་ཆུང”ཞེས་པའི་དཔྱད་གཏམ་ཡང་བྲིས་མྱོང་ཡོད། སློབ་གསེང་སྐབས་ཁོང་གིས་འཛིན་གྲྭའི་ནག་པང་ཚགས་པར་འདོན་པའི་འགན་བླངས་ཤིང་། ས་སྨྱུག་གིས་ནག་པང་ཐོག་གཞུ་ཐིག་འཐེན་འགོ་ཚུགས་པ་དང་བསྟུན་ནས་ལས་དབང་གི་ཁ་ལོའང་འགྱུར་འགོ་ཚུགས།
1972ལོར། ལོ་12ལ་སླེབས་པའི་ངག་བཟང་གི་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་ཞབས་བྲོའི་སློབ་མ་བསྡུ་སྐབས་འགྲན་ཞུགས་པ་500ལྷག་ཙམ་གྱི་ཁྲོད་ནས། ཁོང་ཕྱོགས་བསྡུས་ཀྱི་ལེགས་ཆར་བརྟེན་ཏེ་འབུར་དུ་ཐོན་ནས་འོས་མངགས་སློབ་མ་བཅུ་གཉིས་ཀྱི་གྲས་ཤིག་ཏུ་གྱུར་ཏེ་ཀྲུང་དབྱང་མི་རིགས་སློབ་གླིང(ད་ལྟའི་ཀྲུང་དབྱང་མི་རིགས་སློབ་ཆེན)གི་སྒྱུ་རྩལ་ཚན་ཁག་ཏུ་ཞབས་བྲོའི་ཆེད་ལས་སྦྱོང་བར་བསྐྱོད།
ལང་ཚོའི་ཁོ་ལག་རྒྱས་པའི་ལམ་བུ། གར་སྟེགས་ནས་འབྲི་རས་བར་གྱི་འགྱུར་ལྡོག
1979ལོར་སློབ་ཐོན་སློབ་མ་ཕུལ་བྱུང་ཡིན་པའི་ངག་བཟང་བོད་དུ་ལོག་ནས་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་དབུ་བཞུགས་གྱོན་ཆས་དཔེ་རིས་ཇུས་འགོད་པར་གྱུར། གླུ་གར་ཚོགས་པའི་གར་སྟེགས་མཛེས་བཟོ་མཁས་ཅན་ཚེ་རིང་རྡོ་རྗེ་ཁོང་གི་མུན་སེལ་སྒྲོན་མེ་ལྟ་བུར་གྱུར་ཏེ་རྨང་གཞིའི་སྐྱ་རིས་ནས་ཚོན་མདངས་སྤྱོད་སྟངས་བར་གྱི་ཆ་ལག་ཚང་བའི་རི་མོ་འབྲི་བའི་སྒོ་མོ་དལ་གྱིས་ཕྱེ།
1983ལོར་ལས་དབང་ལ་སླར་ཡང་འགྱུར་ལྡོག་འགྲོ་འགོ་ཚུགས། རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས《བོད་ཀྱི་ཞབས་བྲོ་ཀུན་འདུས》རྩོམ་སྒྲིག་བྱེད་སྐབས་བར་བཅུག་རི་མོ་འབྲི་མཁན་དགོས་གལ་ཆེ་བས“རི་མོར་མཁས་པའི་ཞབས་བྲོ་བ”ངག་བཟང་གཡར་བ་དང་ཆབས་ཅིག སུའུ་ཀྲོའུ་རུ་གསོ་སྦྱོང་ལ་བཏང་། ཞབས་བྲོ་སྦྱོང་མི་དགོས་པའི་དུས་ཚོད་དེའི་རིང་ཁོང་གིས་སེམས་དབུས་ཀྱི་ཁ་ཕྱོགས་གཏན་འཁེལ་ཐུབ་ཡོད། 1985ལོར། ཁོང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་ལ་ཚུད་དེ་ཐང་ག་མཁས་ཅན་རྒན་བསྟན་པ་རབ་བརྟན་ལགས་ཀྱི་དགེ་ཕྲུག་དང་པོའི་གྲས་སུ་གྱུར་པ་དང་རྒན་ལགས་ཀྱི་མཛུབ་ཁྲིད་འོག་ཁོང་གིས་ལོ་ངོ་སྟོང་གི་གཏེར་ཚོན་གྱི་དམིགས་བསལ་ཁྱད་ཆོས་ལ་རྒྱུས་ལོན་བྱེད་འགོ་ཚུགས་པ་དང་། དེ་ནས་བཟུང་སྲོལ་རྒྱུན་སྒྱུ་རྩལ་གྱི་སྙིང་དོན་དང་ངོ་བོར་ངེས་ཤེས་རྙེད།
↑ འདི་ནི་ངག་བཟང་གི་བརྩམས་ཆོས《བོད་ཀྱི་བུ་མོ་དང་མེ་ཏོག》ཅེས་པ་ཡིན་པ།
→ འདི་ནི་ངག་བཟང་གིས་འཁྲབ་སྟོན་པ་གཙོ་བོ་བྱས་པའི་གློག་བརྙན《རྐྱང་དམར》ཞེས་པའི་འཁྲབ་པར་ཡིན་པ།
རིག་གནས་དང་འགྲོགས་པའི་འཚར་ལོངས། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཁྲོད་གསོན་ཤུགས་གསར་པ་རྒྱས་པ།
ངག་བཟང་གི་ལས་དོན་ཁང་དུ་ཡོད་པའི《ཉིན་རེར་རི་མོ་རེ》ཞེས་པའི་མུ་འབྲེལ་བརྩམས་ཆོས་མངོན་གསལ་ལྷག་པར་དོད་ཅིང་། བརྩམས་ཆོས་དེ་ནི་སྒྱུ་རྩལ་མཁས་པས་འབྲི་རས་ཀྱི་སྟེང་དུ་ཚོན་མདོག་ཧར་པོ་སྤྱོད་ཐབས་ལ་བརྟེན་ནས་ཐང་གའི་གཏེར་ཚོན་དང་དེང་རབས་ཀྱི་ག་སིན་སྐྱུར་ཚོན་མཉམ་བསྲེས་མཉམ་སྤྱོད་བྱས་པ་དང་། སྲོལ་རྒྱུན་གྱི་བཀྲ་ཤིས་པའི་རི་མོ་དང་དབྱིབས་རྩིས་ཀྱི་རྟོག་བཟོའི་རི་མོ་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་བྲིས་ཡོད།
ངག་བཟང་གི“སྲོལ་རྒྱུན་དུས་རབས་ཀྱི་རྗེས་སུ་སྙེགས་དགོས་པའི”སྒྱུ་རྩལ་བསམ་ཕྱོགས་ཀྱི་ཤུགས་རྐྱེན་འོག་དགེ་ཕྲུག་ཚོར་རྟག་ཏུ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཁྲོད་ནས་དམིགས་བསལ་གྱི་མཚོན་ཐབས་རེ་རྙེདཐུབ། གཞིས་རྩེའི་སྒྱུ་རྩལ་མཁས་ཅན་རྡོ་རྗེ་ཚེ་དབང་དེ་སྔོན་ངག་བཟང་གི་རི་མོའི་ཁྲོད་ཀྱི་བོད་ཡིག་གི་ཁྱད་ཆོས་དང་རྟོག་བཟོའི་ཚོན་མདངས་མཉམ་བསྲེས་བྱེད་སྟངས་ལ་ཧ་ལས་ཤིང་ཧང་སངས་པར་གྱུར། ད་ཆ་ཁོང་གིས་ལྷ་སར་ལས་དོན་ཁང་བཙུགས་ཡོད་པ་དང་། བོད་ཡིག་ཡིག་གཟུགས་འབྲི་རྩལ་དེ་སོར་མོའི་འཁྱུག་འགྲོས་ལས་འཁྲུངས་པའི་མིག་གི་དགའ་སྟོན་ཞིག་ཏུ་བསྒྱུར་ནས་དབུ་ཅན་གྱི་ཡིད་དབང་འཕྲོག་པའི་ཉམས་འགྱུར་དེ་ཉིད་ཚོན་མདོག་ལ་བརྟེན་ནས་དེ་བས་བཀྲག་མདངས་རྒྱས་པར་བྱས་ཏེ་འབྲི་རས་ངོས་སུ་གནའ་བོའི་ལོ་རྒྱུས་སྙན་ངག་ལ་དེང་རབས་ཀྱི་གསོན་ཤུགས་བསྐྱར་དུ་རྒྱས་པར་བྱས། ད་དུང་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་པ་གཙོ་བོ་ཧྥུང་ཅཱ་ནི་སི་ཁྲོན་སྨྱན་སྦྱོར་སློབ་ཆེན་གྱི་འཁྲབ་སྟོན་ཚན་ཁག་ནས་སློབ་མཐར་ཕྱིན་པ་དང་། ངག་བཟང་གི་དྲུང་ནས་རི་མོ་ལོ་བཞི་སྦྱངས་པས། 《འུན་ཤིང་ཀོང་ཇོའི》མུ་འབྲེལ་བརྩམས་ཆོས་ཁྲོད་ཐང་གའི་གཏེར་ཚོན་གྱི་སྣུམ་ཞག་དོད་པའི་ཁྱད་ཆོས་དང་པོའོ་ཕུའུ་སྒྱུ་རྩལ་གྱི་ཚོས་གཞི་སྡེབ་སྒྲིག་བྱས་ནས་ལོ་རྒྱུས་ཀྱི་མི་སྣར་ལྡེབས་རིས་ལྟར་གྱི་སྣུམ་ཞག་ཐོན་པར་བྱས་ཡོད་ལ། དུས་རབས་ལ་དབང་བའི་མཐོང་ཚོར་གྱི་མཛེས་པའང་མངོན་ཐུབ་པ་བྱས་ཡོད།
2020ལོར་ལོ་60ལ་སླེབས་པའི་ངག་བཟང་གིས་རིམ་པ་དང་པོའི་མཛེས་རྩལ་ཆེ་མོ་བ་ཅིང་ཐིང་ཡའོ་དགེ་རྒན་ལ་བསྟེན་ནས་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་སྦྱངས་པ་དང་། ལོ་གཉིས་པ་དེར《ཡར་ཀླུང་གཙང་པོའི་རོང་ཆེན》གསར་རྩོམ་གནང་ཞིང་། བརྩམས་ཆོས་དེ་ལས་བརྗིད་ཆགས་ཡིད་དུ་འོང་བའི་ས་ཆའི་ཆགས་སྟངས་དང་སྣག་རིས་ཀྱི་ཉམས་འགྱུར་བཟང་པོ་རང་བཞིན་ལྷུན་གྱིས་འགྲུབ་པའི་སྣང་བ་ཞིག་སྦྱིན་འོང་།
ཇ་ཁང་ནས་རྒྱལ་སྤྱིའི་འགྲེམས་ཁང་བར་དང་། གར་སྟེགས་ནས་འབྲི་རས་བར་འགྱུར་ལྡོག་ཅི་འདྲ་བྱུང་ནའང་ངག་བཟང་གིས་ལོ་ལྔ་བཅུ་ཉིན་གཅིག་ལྟར་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་དེང་རབས་ཀྱི་ཁོར་ཡུག་ཁྲོད་བསྐྱར་དུ་གསོན་ཤུགས་རྒྱས་པར་བྱས་ཡོད། ལས་དོན་ཁང་ནས་ནུབ་ཁའི་ཉི་མ་ཁོང་གི་དངུལ་མདོག་གི་སྐྲ་ལོར་འཕྲོས་ཀྱང་། དུས་རབས་ཕྱེད་ཀ་ཙམ་བཟུང་པའི་པིར་སྨྱུག་དེས་སྔར་རྒྱུན་བཞིན་སྲོལ་རྒྱུན་དང་འབྱུང་འགྱུར་འདྲེས་མཚམས་སུ་རིག་གནས་ཀྱི་ཐིག་རིས་ཡི་གར་འོང་བ་ཞིག་འཐེན་བཞིན་མཆིས། (བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)
← འདི་ནི་ངག་བཟང་གི་བརྩམས་ཆོས《ལོ་འཁོར་བཅུ་གཉིས》ཡིན་པ།
← འདི་ནི་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་ཉར་ཚགས་བྱས་པའི་ངག་བཟང་གི་བརྩམས་ཆོས《བོད་མི》ཞེས་པ་ཡིན་པ།
→ འདི་ནི་ངག་བཟང་གི་བརྩམས་ཆོས《ལུ་གུ》ཞེས་པ་ཡིན་པ།
སྒྱུ་རྩལ་ཐད་ཀྱི་རྟོགས་སད།
བཀག་རྒྱ་ལས་སྒྲོལ་བའི་རིག་གནས་ཀྱི་ཚོད་ལྟ།
1985ལོར་ངག་བཟང་དང་གཅུང་པོ་དབང་ཆེན་སོགས་ཀྱིས་ཇ་ཁང་དུ“གསོལ་ཇ་མངར་མོ་ཁང་གི་བྲིས་རྒྱུན”ཞེས་པ་ཞིག་སྲོལ་བཏོད་ནས། ལྷ་སའི་ཇ་ཁང་རྙིང་པར་སྐབས་འཕྲལ་གྱི་རི་མོའི་འགྲེམས་སྟོན་གཉེར། “ཇ་འཐུང་ཞོར་རི་མོའི་འགྲེམས་སྟོན་ལ་ལྟ་བའི”ཚོད་ལྟ་འདིས་བོད་ཀྱི་སྒྱུ་རྩལ་དམངས་ཁྲོད་ཀྱི་རྣམ་པའི་ཐོག་ནས་སྤྱི་དམངས་ཀྱི་ཁྲོད་དུ་ཐོག་མར་བསྐྱོད་ཐུབ་པ་བྱུང་། “སྒྱུ་རྩལ་ནི་དཔེ་སྒྲོམ་མཐོན་པོའི་ནང་བཅུག་ནས་འཇོག་རྒྱུ་དེ་མིན་པར་ཇ་ཁང་ལྟ་བུ་མི་མང་འཛོམས་སར་འགྲེམས་སྟོན་བྱ་རྒྱུ་དེ་རེད” འགྲེམས་སྟོན་ཐེངས་གསུམ་བྱས་རྗེས་བརྩམས་ཆོས་བརྒྱ་ལྷག་ཙམ་ཉར་ཚགས་མཁན་གྱིས་ཉར་ཚགས་བྱས་པ་དང་། བརྩམས་ཆོས་དེ་དག་ལྷ་སའི་གསོལ་ཇ་མངར་མོའི་དྲི་ཞིམ་ཁྲོད་དུ་སྒྱུ་རྩལ་གྱི་ཚ་རླབས་འཕྱུར།
2005ལོར་ངག་བཟང་སོགས་ཀྱིས་བར་སྐོར་དུ“དགེ་འདུན་ཆོས་འཕེལ་གྱི་དེང་རབས་སྒྱུ་རྩལ་རི་མོའི་བར་ཁྱམས”བཙུགས་པ་དང་། 2011ལོར་ངག་བཟང་སོགས་པེ་ཅིང་སུང་ཀྲོང་སྒྱུ་རྩལ་དུས་ཆེན་གྱི་བོད་ཀྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ལ་ཞུགས་པས། རྒྱ་ཆེའི་སྒྱུ་རྩལ་ལ་དགའ་ཞེན་ཡོད་མཁན་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།
→ འདི་ནི་ངག་བཟང་གིས་བློ་རྩེ་གཅིག་སྒྲིམ་གྱིས་རི་མོ་འབྲི་བཞིན་པ།