《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月30日

དུས་རབས་གསར་པའི་བོད་ཀྱི་མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པའི་འགན་འཁྲི་དང་སྙིང་སྟོབས་སྐོར་མདོ་ཙམ་གླེང་བ།

སྤྱི་ལོ་2016ལོའི་ཟླ་12ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཚོགས་འདུའི་ཐོག་ཏུ“རང་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་སློབ་གསོས་ཀུན་སྤྱོད་དང་ཤེས་རིག གཟུགས་པོ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་གསོ་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་དགོས”ཞེས་གསུངས་ཡོད། འགན་འཁྲི་དེ་འཁུར་བར་རོགས་ཁྲིད་པས་འཕྱར་བ་གྲུ་འདེགས་ངང་རང་འཁྲིའི་ནུས་པ་འདོན་དགོས་པ་ནི་ཤིན་ཏུ་གལ་ཆེ། རོགས་ཁྲིད་དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་སུ་ཞིག་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་། མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། མི་སྣ་གསོ་སྐྱོང་ཇི་ལྟར་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་ཡིད་ལ་བརྟན་པོར་བཟུང་ཏེ་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་བཏུས་ཏེ་བསམ་བློར་ཁྲིད་སྟོན་དང་རིན་ཐང་གི་ལྟ་བར་ཁྲིད་སྟོན་བྱེད་པར་བརྟེན་ནས། སྤྱོད་ཡོན་གཉིས་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གསར་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་གསོ་སྐྱོང་བྱེད་དགོས།

དེ་ཡང་སྤྱི་ཚོགས་གོང་དུ་སྤེལ་བར་མཐོ་རིམ་སློབ་གྲྭས་ཤེས་ལྡན་སློབ་མ་འབོར་ཆེན་གསོ་སྐྱོང་བྱ་དགོས་ཤིང་། སློབ་མ་དེ་དག་བཟང་ངན་ཅི་འདྲ་ཞིག་ཆགས་མིན་ནི་སློབ་གྲྭའི་རོགས་ཁྲིད་པའི་སྤྱོད་ཡོན་དང་སློབ་གསོའི་ཐབས་ལམ་ལའང་རག་ལུས་ཡོད་དེ། བོད་ཀྱི་མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པ་ནི་དུས་རབས་གསར་པའི་སློབ་མ་ཚོ་ཤེས་དཔལ་གྱི་ལམ་དུ་སྣེ་འཁྲིད་མཁན་ཞིག་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་སྟོན་པ། རིག་གནས་ཀྱི་བརྒྱུད་སྤྲོད་མཁན། འཚོ་བར་དོ་དམ་བྱེད་མཁན་བཅས་ཡིན། དེར་བརྟེན། རོགས་ཁྲིད་པས་ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་ཞིག་སྦྱངས་ཐོག་དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་བསམ་བློའི་བྱང་ཚད་ལེགས་པོ་ཞིག་རྒྱུད་ལ་འཇགས་པར་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། གཤམ་དུ་གུས་མོས་ལོ་མང་རིང་གི་རོགས་ཁྲིད་པའི་ལས་དོན་ཉམས་མྱོང་ལ་གཞིགས་ཏེ་བོད་ཀྱི་མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པའི་དུས་རབས་ཀྱི་འགན་འཁྲི་དང་སྙིང་སྟོབས་སྐོར་གླེང་བར་བྱའོ།

གཅིག བོད་ཀྱི་མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པའི་གོ་བབ་ངོས་འཛིན་དང་འགན་འཁྲི།

དེ་ཡང་སློབ་གསོ་པུས་གཏན་འབེབས་གནང་བའི《མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པའི་ལས་རིགས་ནུས་རྩལ་ཚད་གཞི》ལས། “མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པའི་ལས་རིགས་ནུས་རྩལ་ནི་སློབ་ཆེན་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་བ་དང་། ཡར་ཐོན་ཐད་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་དོ་དམ་བྱེད་པ་སོགས་ལས་མངོན་པའི་ཕྱོགས་བསྡུས་རང་བཞིན་གྱི་ནུས་རྩལ་ཞིག་ཡིན”ཞེས་གསལ་བ་ལས། རོགས་ཁྲིད་པ་ནི་མཐོ་རིམ་སློབ་གྲྭའི་ནང་སློབ་མའི་སྤྱོད་ཡོན་ལེགས་སུ་གཏོང་བའི་དགེ་རྒན་དང་རྒྱབ་ཕྱོགས་ལས་ཀ་སྒྲུབ་མཁན་གྱི་ལས་བྱེད་པ་ཡིན་པའི་ངོས་གཉིས་ལྡན་གྱི་མི་སྣ་ཞིག་ཡིན་པ་རྟོགས་ཐུབ། རོགས་ཁྲིད་པ་ནི་སློབ་མའི་ཚོགས་ལ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་བའི་རྐང་འཛིན་གྱི་སྟོབས་ཤུགས་ཡིན་ལ། བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་དང་དོ་དམ་ལས་དོན་གྱི་སྒྲིག་འཛུགས་དང་། ལག་བསྟར། མཛུབ་སྟོན་བཅས་བྱེད་མཁན་ཡིན། སྤྱིར་ན་ངེས་པ་དོན་གྱི་རོགས་ཁྲིད་པ་ཞིག་ཡིན་ན། མཐོ་རིམ་སློབ་གྲྭའི་ནང་སློབ་གསོ་དང་དོ་དམ་གྱི་འགན་འཁྲི་རིགས་ཆེ་བ་གཉིས་འཁུར་དགོས། རྣམ་ཀུན་སློབ་གྲྭའི་ནང་ལས་ཀ་འདི་གཉིས་གལ་ཆེ་མཉམ་འཛིན་བྱེད་དགོས་ཤིང་གང་རུང་ཞིག་བསྐྱུར་ན་འགྲིག་ཐབས་གཏན་ནས་མེད་པ་ཀུན་གྱིས་མཁྱེན་གསལ་ལགས། འོན་ཀྱང་དོན་དངོས་ཀྱི་ལས་དོན་ཁྲོད་དུ། རོགས་ཁྲིད་པ་འགའ་ཤས་ཀྱིས་དོ་དམ་ལས་དོན་ཁོ་ན་གཙོ་བོར་འཛིན་གྱི་ཡོད་དེ། དཔེར་ན་བྱ་དགའ་སྤྲོད་འདེམས་དང་འཐུས་མི་འདེམས་བསྐོ། ཉལ་ཁང་བཀོད་སྒྲིག དབུལ་སྐྱོར་ལས་གཞི། སློབ་སྐྱོར་དངུལ་བུན་མཇལ་ལུགས་སོགས་རྒྱུན་གཏན་གྱི་ལས་ཀ་དེ་རིགས་ལ་དབྱིངས་ཞུགས་ནས་དུས་འདའ་བར་བྱེད་ཀྱི་ཡོད། རོགས་ཁྲིད་པའི་ལས་ཀའི་ངོ་བོ་རང་གི་ངོས་ནས་བརྗོད་ན། སློབ་གསོའི་ལས་ཀ་དེ་ཨང་དང་པོར་འཇོག་དགོས་པ་དང་། རྒྱབ་ཕྱོགས་ཀྱི་དོ་དམ་ལས་ཀ་ནི་སློབ་གསོའི་ལས་ཀའི་དགོས་མཁོར་བསྟུན་ནས་འཕྱར་བ་གྲུ་འདེགས་ངང་སྒྲུབ་དགོས་པ་ཞིག་ཡིན། གལ་ཏེ་རོགས་ཁྲིད་པས་སློབ་མའི་རྣམ་ཀུན་གྱི་རྙོག་འཛིང་ཆེ་བའི་ལས་ཀ་ཙག་ཙིག་ཁོ་ན་ལ་དབུ་འཁོར་ནས་བཞུགས་ཏེ། བསམ་བློ་ཁྲིད་སྟོན་གྱི་སློབ་གསོའི་ལས་དོན་ལ་ལྷོད་གཡེང་ཤོར་ན། དོན་དམ་གྱི་བྱ་བ་གལ་ཆེན་དག་འཆུགས་ངེས་ཤིང་རོགས་ཁྲིད་པའི་འགན་འཁྲིའི་དགེ་མཚན་ཡང་ཡོངས་སུ་མངོན་མི་ཐུབ། དེར་བརྟེན་རྙོག་འཛིང་ཆེ་བའི་ལས་ཀ་ཙག་ཙིག་ཁོ་ནར་དབུ་གཡེང་ནས་མ་བཞུགས་པར། སློབ་མའི་མི་ཚེའི་ཁ་ཕྱོགས་དང་རིན་ཐང་གི་ལྟ་བ་ལ་དམིགས་པའི་ལམ་སྟོན་གྱི་སློབ་གསོའི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དགེ་རྒན་རང་ཉིད་སེམས་ཁམས་བདེ་ཐང་གི་བློ་འདྲི་ས་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་མཁན་ཞིག་ཏུ་འགྱུར་བར་བྱེད་དགོས།

གཉིས། “མཛངས་མ་བུ་གསོའི”སྙིང་སྟོབས་ལ་སློབ་སྦྱོང་དང“ཤིང་གི་རང་འཐག”གི་ངང་ཚུལ་སྤོང་དགོས།

གོང་དུ་ཞུས་པ་ལྟར་རོགས་ཁྲིད་པ་ནི་མཐོ་རིམ་སློབ་གྲྭའི་ནང་སློབ་མའི་སྤྱོད་ཡོན་ལེགས་སུ་གཏོང་བའི་དགེ་རྒན་དང་རྒྱབ་ཕྱོགས་ལས་ཀ་སྒྲུབ་མཁན་གྱི་ལས་བྱེད་པ་ཡིན་ཞིང་། སློབ་མའི་ཚོགས་ལ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་རྐང་འཛིན་གྱི་སྟོབས་ཤུགས་ཤིག་ཀྱང་ཡིན། བོད་ཀྱི་མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པས་སྲོལ་རྒྱུན་རིག་གནས《དཔེ་ཆོས་རིན་ཆེན་སྤུངས་པ》ལས་བྱུང་བའི“མཛངས་མ་བུ་གསོའི”སྙིང་སྟོབས་དར་སྤེལ་དང“ཤིང་གི་རང་འཐག”ལྟ་བུའི་ཕྱི་ཚུལ་རིང་ལུགས་སྤོང་དགོས་པ་ནི་རོགས་ཁྲིད་པའི་དཔུང་ཁག་ཆེད་ལས་ཅན་དང་ལས་རིགས་ཅན་དུ་འཛུགས་སྐྱོང་བྱེད་པའི་ཐབས་ལམ་ཁྱད་འཕགས་ཤིག་དང་དམིགས་བསལ་གྱི་སྙིང་སྟོབས་ཤིག་ཏུ་འགྱུར་བར་དོན་སྙིང་ཆེན་པོ་ལྡན་ཡོད། དེ་ཡང་དགེ་རྒན་གྱིས“མཛངས་མས་བུ་གསོ”ལྟར་སློབ་མའི་བློ་ཚོད་ཤེས་པར་བྱས་ནས། བློ་དང་བསྟུན་པའི་སློབ་གསོ་གཏོང་ཤེས་ཤིང་སློབ་མ་སྐྱོང་བ་ལ་ཐུགས་མི་སྐྱོ་བའི་དགེ་རྒན་ཞིག་བྱེད་དགོས། དགེ་རྒན་ཁ་ཅིག་གིས་རང་གི་སྙན་གྲགས་དང་ཐོབ་ཐང་ཕྱིར་ལས་ཀ་བྱས་ནས་འཇིག་རྟེན་གྱི་ཁེ་གྲགས་གཙོ་བོར་སྒྲུབ་ཅིང་། ཁ་ནས་ཟབ་མོའི་ཚིག་བཟང་ཤོད་ཀྱིན་དོན་གྱི་ལག་ལེན་མེད་པ་ནི“ཤིང་གི་རང་འཐག”དང་འདྲའོ།

དུས་རབས་གསར་པའི་ནང་སྐྱེས་པའི་སློབ་ཆེན་སློབ་མར་མཚོན་ན། ཁོ་ཚོའི་བྱེད་ལུགས་བྱེད་སྟངས་དང་། བསམ་བློ་གཏོང་སྟངས། རིན་ཐང་ལྟ་བ་འཛིན་སྟངས་བཅས་ལ་རང་སོ་སོའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། དེར་བརྟེན་མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པས་རྣམ་ཀུན་ལས་ཀའི་ཞབས་ཞུ་སྒྲུབ་སྟངས་དང་། སློབ་གསོ་རྒྱག་སྟངས། དོ་དམ་གཉེར་ཕྱོགས་བཅས་ཀྱི་ལས་དོན་ལ་སྔར་ལས་ལྷག་པའི་རེ་བ་དང་འགན་འཁྲི་བབས་ཡོད། དེས་ན། ང་ཚོས་སྔར་སྲོལ་བཞིན་དོ་དམ་བྱེད་པ་ནི་དུས་རབས་ཀྱི་འཕེལ་རྒྱས་དང་ཅུང་མི་འཚམ་པས། འབད་པ་ལྷོད་མེད་ཀྱིས་འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་ཁག་ལ་སློབ་སྦྱོང་དང་བློ་ཁོག་ཆེན་པོས་དོ་དམ་གཉེར་ཕྱོགས་གསར་གཏོད་བྱེད་ཅིང་། རང་ཉིད་ལ་ཡིད་ཆེས་དང་། མིག་རྒྱང་རིང་པོར་སྲིང་བ། ལས་ཀའི་དམིགས་ཚད་གསལ་པོར་རྟོགས་པ། དམིགས་ཚད་ལ་ཡིད་ཆེས་བརྟན་པོ་བྱེད་པ། སྒྱུར་བཀོད་གཏོང་མཁན་གྱི་མགྲིན་ཚབ་པ་ཞིག་བྱེད་པ། ཁོར་ཡུག་གི་སྣང་ཚུལ་ལ་ཚོར་བ་སྐྱེན་པ་བཅས་ཀྱི་གཙོ་གནད་ནུས་པ་དྲུག་པོ་དེ་དག་ཁོང་དུ་ཆུད་པ་དང་ལག་ལེན་བསྟར་ནས། རོགས་ཁྲིད་པའི“མཛངས་མས་བུ་གསོ”སྙིང་སྟོབས་སྐྱེད་སྲིང་བྱེད་དགོས། རོགས་ཁྲིད་པས་ལྷག་བསམ་རྣམ་དག་དང་དཀའ་སྤྱད་སྡུག་རུས་ཀྱི་སྒོ་ནས་སློབ་མའི་གདིང་ཤུགས་སྔོག་འདོན་བྱས་ནས་ཡིད་ཆེས་ཀྱི་སྤོབས་སེམས་སྐྱེད་སྲིང་བྱེད་པ་དང་། བསམ་བློར་ཁྲིད་སྟོན་དང་སྤྱོད་ཡོན་ལ་མཛུབ་ཁྲིད་བྱས་ནས། དུས་རིམ་སོ་སོའི་དམིགས་ཚད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། རོགས་ཁྲིད་པར་བྱང་ཚད་དེ་དག་ལྡན་ན་སློབ་མ་ཚོས་མ་གྲོས་གཅིག་མཐུན་ངང་རྗེས་སུ་འབྲང་པ་དང་། རང་འགུལ་ངང་དམིགས་འབེན་ལ་ཁ་ཕྱོགས་ཏེ་འབད་བརྩོན་ཧུར་བསྐྱེད་བྱེད་སྲིད། གཞན་ཡང་སློབ་མ་ཚོས་དུས་དང་རྣམ་པ་ཀུན་ཏུ་སེམས་མཐུན་གྱི་གྲོགས་མཆོག་ཅིག་ཏུ་བརྩིས་ནས་དགའ་ཞེན་བྱེད་པ་དང་། རང་འགུལ་གྱིས་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་དང་ཐུན་མོང་གི་ལས་དོན་ཐད་འཕྱར་བ་གྲུ་འདེགས་ཀྱི་གཞོགས་འདེགས་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས། དེ་བཞིན “མཛངས་མ་བུ་གསོའི”སྙིང་སྟོབས་ལྡན་པའི་རོགས་ཁྲིད་པ་ནི་སློབ་མ་དེ་དག་གི་མི་ཚེའི་སློབ་དཔོན་དུ་འགྱུར་བ་སྨོས་མི་དགོས།

མདོར་བསྡུས་ན་བོད་ཀྱི་མཐོ་རིམ་སློབ་གྲྭའི་རོགས་ཁྲིད་པས་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བའི་སྐོར་གྱི་མྱོང་བ་དང་། ཤེས་རྟོགས་ཀྱི་ནུས་པ། བློ་གྲོས་ཀྱི་རྩལ་བཅས་ལ་བརྟེན་ནས་སློབ་གྲྭ་ཆེ་མོ་བའི་ལུས་ངག་ཡིད་གསུམ་ལ་ཁྲིད་སྟོན་གང་ལེགས་གནང་བ་དང་། ཕྱོགས་ཡོངས་ནས་སློབ་མའི་མིག་སྔའི་ཐེ་ཚོམ་དང་དོགས་གནད་སེལ་རོགས་བྱེད་པ། སྔ་ཕྱི་བར་གསུམ་དུ“མཛངས་མས་བུ་གསོ”སྙིང་སྟོབས་བསྐྱངས་ནས་སློབ་མ་ལ་མིག་དཔེ་བཟང་པོ་སྟོན་པ་དང་། སློབ་མ་ལ་ཚེ་གང་རིང་ཡ་རབས་ཚུལ་ལྡན་གྱི་མི་ཞིག་བྱེད་དགོས་ཚུལ་དང་ས་ཕྱོགས་གང་དུ་སླེབས་ཀྱང་རང་གཞན་ཀུན་ལ་ཕན་པའི་ལས་དོན་རྣམ་དག་སྒྲུབ་དགོས་པའི་གནས་ལུགས་ཤེས་སུ་འཇུག་དགོས། ལམ་དེ་དག་ནི་བོད་ཀྱི་མཐོ་རིམ་སློབ་ཆེན་གྱི་རོགས་ཁྲིད་པ་ཉིད་སྙིང་ཉེ་བའི་སློབ་མ་ཚོའི་མི་ཚེའི་སློབ་དཔོན་དུ་འགྱུར་བའི་འགན་འཁྲི་དང་ཐབས་དམ་པ་ལགས་སོ།

(ལྷ་ས་དགེ་འོས་སློབ་ཆེན་གྱི་རོགས་ཁྲིད་དགེ་རྒན། འཆི་མེད)