འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ཁྱབ་བསྒྲགས་བྱས་ནས་ལོ་ལྔ་འཁོར་བའི་མཚམས་འདིར། ཟླ་5ཚེས་23ཉིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“འཚོ་བ་གསར་པ་གཏོད། བདེ་སྐྱིད་འཚོ་བ་སྲུང”ཞེས་པའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། རྒྱལ་ཡོངས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། མི་དམངས་ལྟ་སྐུལ་པ། དགེ་སློབ་ཀྱི་འཐུས་མི་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཞིབ་དཔྱོད་ལས་ཁུངས་སུ་བསྐྱོད་ནས་དམངས་དོན་ཞིབ་དཔྱོད་ཀྱི་ལས་དོན་ལ་དངོས་སུ་ཉམས་ལེན་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཉེ་བའི་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་གསུམ་ཞིབ་དཔྱོད་ཁང་ནས་ཡོང་བའི་ཞིབ་དཔྱོད་དཔོན་8ཀྱིས་དཔེ་མཚོན་གྱི་གྱོད་དཔེ་མཉམ་སྤྱོད་བྱས་པའི་ནང་། དམངས་དོན་གྱིས་ཁྲིམས་སྦྱོར་ལ་རྒྱབ་སྐྱོར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁེ་དབང་སྲུང་རོགས་བྱེད་པ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།