ལོ་མང་རིང་། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ལ་བརྟེན་པས་ས་མཐོའི་ཞིང་འབྲོག་ལས་ཀྱི“ཚོད་ལྟའི་ཞིང་ས”འདིར་རྣམ་པ་གསར་རྐྱང་ཞིག་མངོན་པ་སྟེ། རིག་ནུས་ལྡན་པའི་སྒོ་ང་སྙོལ་ཐབས་ཀྱིས་སྲོལ་རྒྱུན་ཚ་ཐབ་ཀྱི་ཚབ་བྱས་པ་དང་། ཚན་རིག་དང་མཐུན་པའི་གསོ་སྐྱོང་དེས་ཁ་ཐོར་གསོ་སྐྱོང་གི་ཚབ་བྱས་པས། བོད་ཀྱི་ཞིང་འབྲོག་ལས་ཀྱིས་ཚན་རིག་ལག་རྩལ་ལ་བརྟེན་ནས་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་ཡོད་པ་རེད།
ལོ་44ལ་སླེབས་པའི་ཧྥུང་ཅིང་ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་ནད་སྨན་པ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཡིན་ཞིང་། ཁོང་གིས“བོད་བྱ་སྐྱེ་འཕེལ་གྱི་དུས་ཡུན་རིང་བ་དང་སྒོ་ང་ཐོན་ཚད་དམའ་པོ་ཡོད། གངས་ལྗོངས་ཀྱི་བྱ་དེ་དཀར་པོ་གསོ་སྤེལ་བྱས་རྗེས་ལོ་རེར་སྒོ་ང་98ནས་206བར་ཐོན་མང་དུ་ཕྱིན་ནས་བོད་ཀྱི་བྱ་དེའི་སྒོ་ང་གཏོང་ཚད་ལས་108མང་དུ་ཕྱིན་ཡོད། ས་མཐོའི་སྒོ་ང་སྐྱོང་གསོ་བྱེད་ཚད་དེ་སྔའི་35%ནས་80%ཡན་བར་འཕར་ནས་དཔལ་འབྱོར་གྱི་ཕན་འབྲས་དངོས་ཐོན་ཡོད”ཅེས་བཤད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
“གངས་ལྗོངས་བྱ་དེ་དཀར་པོ”ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཕྱུགས་རིགས་དང་ཕྱུགས་ནད་སྨན་པ་ཞིབ་འཇུག་སུའོ་ཡིས་རང་བདག་ངང་གསོ་ཚགས་བྱས་པའི་བོད་ཀྱི་ཁྱིམ་བྱའི་རིགས་ཤིག་རེད། 1958ལོར། བོད་ཀྱིས་ལྗོངས་ཕྱི་རོལ་ནས་རྒྱུད་བཟང་ཁྱིམ་བྱ་དཀར་པོ་ནང་འདྲེན་བྱས་ནས་གསོ་ཚགས་དང་སྐྱེ་འཕེལ་སོགས་ཀྱི་ཞིབ་འཇུག་ལས་དོན་སྤེལ་བ་རེད། གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་ཁོར་ཡུག་ནང་བྱ་དེ་དཀར་པོ་གསོ་ཚགས་བྱེད་པའི་དཀའ་གནད་ཐོག་མཐའ་བར་གསུམ་དུ་ཐག་གཅོད་ཐུབ་མེད། 1960ལོར། ཚན་རྩལ་མི་སྣས་རྒྱུད་འདྲེས་གསོ་ཚགས་བྱ་ཐབས་བརྒྱུད་ནང་འདྲེན་བྱས་པའི་དེ་ཕོ་དང་ས་གནས་དེ་གའི་བྱ་མོ་འདེམས་གསོ་བྱེད་འགོ་ཚུགས། 1964ལོར་རྒྱུད་འདྲེས་བྱ་དེར“ལྷ་སའི་བྱ་དེ་དཀར་པོ”ཞེས་པར་མིང་བཏགས།
1986ལོ་ནས་1990ལོ་བར་ནི་རིགས་རྒྱུད་དེ་གོ་རིམ་ལྡན་པའི་སྒོ་ནས་འདེམས་གསོ་བྱེད་པའི་དུས་མཚམས་ཡིན་པ་དང་བསྟུད་མར་ལོ་བཞི་དང་རབས་གསུམ་གྱི་འདེམས་གསོ་བྱས་པ་བརྒྱུད། 1990ལོར་བོད་རང་སྐྱོང་ལྗོངས་ཕྱུགས་རིགས་དང་ཁྱིམ་བྱ་རྒྱུད་འཛིན་ཐོན་ཁུངས་ཨུ་ལྷན་གྱིས་སྒོང་ང་ཆུང་བའི་རིགས་རྒྱུད་ཁྱུ་ཚོགས་སུ་ཞིབ་དཔྱད་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་རིམ་པ་དང་པོ་དང་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་རེད།
2020ལོའི་ཟླ་9པར། “ལྷ་སའི་བྱ་དེ་དཀར་པོ”རྒྱལ་ཁབ་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འཁེལ་བྱེད་སྐབས་ས་ཁོངས་ཀྱི་མིང་ཡོད་པའི་དབང་གིས་དེར“གངས་ལྗོངས་ཀྱི་བྱ་དེ་དཀར་པོ”ཞེས་མིང་བསྒྱུར་བྱས་ཡོད།
གངས་ལྗོངས་བྱ་དེ་དཀར་པོའི“སྐྱེ་འཕེལ་ཟིན་ཐོ”ནི་ལོ་62ལྷག་ཙམ་གྱི་ས་མཐོའི་རིགས་རྒྱུད་སྤེལ་བའི་ལོ་རྒྱུས་ཤིག་ཡིན། ལས་དོན་དེ་དངོས་སུ་བརྒྱུད་མྱོང་བའི་ཚན་རིག་ཞིབ་འཇུག་པ་ཧྥུང་ཅིང་གིས“གངས་ལྗོངས་བྱ་དེ་དཀར་པོ”དེ་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོར་ཤེས་ཀྱི་ཡོད།
ཉིན་མཚན་གྲངས་མེད་ཚོད་ལྟ་ཁང་དང་གཞུང་ལས་ཁང་གི་གློག་སྒྲོན་དང་འཕྲུལ་ཆས་ཀྱི་གློག་འོད་ཁྲོད་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཚད་ལྡན་ཡིག་ཆ་ལྟ་ཀློག་དང་ཚོད་ལྟའི་ལས་ལ་བྲེལ། ཧྥུང་ཅིང་གིས་རྒྱུན་དུ་ཁོམ་པ་ཡོད་དུས་རྒྱུན་མཐུད་འཁྲབ་ཚན《སྲུང་དམག་གི་འཕྲལ་རྒོལ》ལྟ་གི་ཡོད། “ཚན་ཞིབ་བྱེད་པར་ཞུས་སན་ཏོ་ནང་བཞིན་མི་དོར་བ་དང་བློས་མི་གཏོང་བའི་སྙིང་སྟོབས་དགོས། དེ་འདྲ་ཡོད་ཚེ་གཞི་ནས་གྲུབ་འབྲས་གཏོད་ཐུབ”ཅེས་ཧྥུང་ཅིང་གིས་བརྗོད།
“ཞིབ་བཤེར་གཏན་འབེབས་བྱུང་བའི་ཉིན་དེར། ང་དགའ་ཐག་ཆོད་ནས་དགའ་ངུ་ཐེངས་གཉིས་ཙམ་ཤོར་བྱུང”ཞེས་ཧྥུང་ཅིང་གིས་སྐབས་དེ་དུས་ཀྱི་གནས་ཚུལ་ད་དུང་སེམས་ལ་ངེས་ཤིང་། ལོ་12ཀྱི་རིང་། “ཚན་ཞིབ་པ་ཆུང་ཆུང་ཞིག་ནས”ཚོགས་པའི་འགན་འཁུར་བ་དང་། ལྷས་ར་ནས་བྱ་གསོ་ར་བའི་བར། མི་རྣམས་ཀྱིས་དེ་ཙམ་བརྩི་མཐོང་མི་བྱེད་པ་ནས་གངས་ལྗོངས་བྱ་དེ་དཀར་པོའི་ཐོན་རྫས་ཞིབ་བཤེར་གཏན་འབེབས་བདེ་བླག་བྱུང་བའི་བར་ཁོང་གིས་དཀའ་བ་དུ་མ་སྤྱད་ཡོད་ཅིང་། དཀའ་ངལ་དང་མ་ཉེས་ཁ་གཡོགས་སོགས་ཚང་མ་ཞིབ་བཤེར་གཏན་འབེབས་བདེ་བླག་བྱུང་བ་ཐོས་མ་ཐག་འཇའ་ལྟར་ཡལ་ཡོད།
འབྲོག་ལས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོཊ་སུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་ཆེད། ཚོགས་པས་གྲུབ་འབྲས་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་བདུན་གྱི་རྫོང་38ལ་གངས་ལྗོངས་བྱ་དེ་དཀར་པོ་ཁྲི་356.8ཁྱབ་གདལ་བཏང་ནས་རྒྱུད་བཟང་ཁྱབ་ཚད་40%ཟིན་ཡོད།
2025ལོའི་ཟླ་4ཚེས་29ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《2023ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》(བོད་སྲིད་སྤེལ〔2025〕ཡིག་ཨང་བདུན་པ)ཡོངས་བསྒྲགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་རིགས་དང་ཕྱུགས་རིགས་སྨན་པ་ཞིབ་འཇུག་སུའོ་ཡིས་ལྷ་སའི་ས་གཙང་བོད་བྱ་གསོ་སྤེལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་དུ་ལེགས་གྲུབ་བྱས་པའི“གངས་ལྗོངས་བྱ་དེ་དཀར་པོའི་ཐོན་རྫས་གསར་པ་གསོ་སྤེལ་དང་སྐྱོན་བྲལ་གསོ་སྤེལ་ལག་རྩལ་མཉམ་འདུས་བེད་སྤྱོད”རྣམ་གྲངས་ལ་2023ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་རིམ་པ་དང་པོའི་བྱ་དགའ་ཐོབ་ཡོད།
གཟི་བརྗིད་མཚན་སྙན་དེ་ནི་ཚན་ཞིབ་མི་སྣ་མི་རབས་དྲུག་གིས་འབད་བརྩོན་ལྷོད་མེད་བྱས་པའི་དཔང་རྟགས་ཡག་ཤོས་ཤིག་རེད།
(བསོད་བདེ་གཞོན་པ་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)