《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月24日

ལྷ་སའི་སློབ་གྲྭར་རྐང་རྩེད་སྤོ་ལོའི་རྩ་བ་ཚུགས་ནས་མྱུ་གུ་འབུས་འགོ་ཚུགས་པ།

ཟླ་བ་ལྔ་པ་ཟིན་ཡང་ལྷ་སར་སྔར་བཞིན་གྲང་བསིལ་བསིལ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་ནས། ས་མཐོའི་གཞོན་ནུ་ལོ་ཆུང་ཚོས་རྐང་རྩེད་སྤོ་ལོར་བཅངས་པའི་དགའ་ཞེན་ཆེན་པོ་མངོན་བཞིན་མཆིས། གསོ་རླུང་དཀོན་པའི་ས་མཐོའི་གྲོང་ཁྱེར་འདིར་རྐང་རྩེད་སྤོ་ལོའི་ལུས་རྩལ་ཆར་རྗེས་མྱུ་གུ་འབུས་པ་ལྟར་དར་རྒྱས་ཤུགས་ཆེན་བྱུང་བ་དོན་གང་ཡིན་ནམ།

2018ལོ་ཚུན། རང་ལྗོངས་ཀྱིས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐང་སྐྲུན་པར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐང་920ཡོད་པས་སློབ་གྲྭ་འབྲིང་ཆུང་ཚང་མར་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ནས། རྐང་རྩེད་སྤོ་ལོ་རྒྱག་པར་སྒྲིག་ཆས་ཀྱི་རྨང་གཞི་བཏིང་ཡོད།

2018ལོར། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་འདི་ཉིད་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི“སྐར་ཚོགས”སྦྱོང་བརྡར་བྱ་ཡུལ་ཁག་དང་པོའི་ནང་བདམས་ཤིང་། དེ་ནི་གཟི་བརྗིད་ཅིག་ཡིན་ལ། འགན་འཁྲི་ཞིག་དེ་བས་ཀྱང་ཡིན།

ལྷ་ས་གྲོང་ཁྱེར་གྱིས་དེ་གོ་སྐབས་སུ་བརྩིས་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་དང་འགྲན་བསྡུར་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། 2021ལོར་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི“སྐར་ཚོགས”སྦྱོང་བརྡར་བྱ་ཡུལ་འདི་ཉིད་རྒྱལ་ཡོངས་ཀྱི“སྐར་ཚོགས”སྦྱོང་བརྡར་བྱ་ཡུལ་ཕུལ་བྱུང་དུ་བདམས། “ཕྲུ་གུ་ཚོ‘སྐར་ཚོགས’སྦྱོང་བརྡར་བྱ་ཡུལ་དུ་བཏང་བ་ནས་བཟུང་རྐང་རྩེད་སྤོ་ལོ་མཁས་པོ་ཆགས་འདུག་ལ། རྐང་རྩེད་སྤོ་ལོ་རྒྱག་རྒྱུར་ཡང་དེ་བས་དགའ་པོ་ཆགས་འདུག”ཅེས་ཁྱིམ་བདག་ཅིག་གིས་དགའ་ཚོར་ཆེན་པོས་བཤད།

རྐང་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་འགག་རྩ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་རིམ་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་གྱི་རེས་སྐོར་སྦྱོང་བརྡར་ཐེངས་མང་སྒྲིག་འཛུགས་བྱས་པ་མ་ཟད། རྐང་འཛིན་སྟོབས་ཤུགས་ཀྱང་བདམས་ནས་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་ཆེད་དོན་གསོ་སྦྱོང་ནང་ཞུགས་སུ་བཅུག་པས། དགེ་རྒན་གྱི་ཆེད་ལས་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཏེ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཐད་འགན་ལེན་ནུས་ལྡན་བྱུང་ཡོད།

ལྷ་ས་གྲོང་ཁྱེར་གྱིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ནས“སྐར་ཚོགས”སྦྱོང་བརྡར་བྱ་ཡུལ་ལ་བརྟེན་ཏེ་དགེ་རྒན་གྱི་དཔུང་ཁག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། ས་གནས་དེ་གའི་རྩལ་འཁྲིད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་དེ་གའི་ཆུ་ཚད་མཐོ་བའི་རྩལ་འཁྲིད་པ་དང་རྐང་རྩེད་སྤོ་ལོར་མཁས་པའི་ཕྲུ་གུ་མཉམ་དུ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པས་ཤེས་ལྡན་པའི་རྗེས་གྲབས་དཔུང་ཁག་སྟོབས་ཆེན་ཞིག་གྲུབ་ཡོད།

དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་དགེ་རྒན་གྱི་ཆེད་དོན་རྩལ་ནུས་གསོ་སྦྱོང་དང་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དགེ་རྒན་གྱི་སློབ་ཁྲིད་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཆ་ལག་ཚང་བའི་དགེ་རྒན་གྱི་འཕེལ་རྒྱས་འཆར་འགོད་བཟོས་ཏེ། དུས་བཀག་ནང་རྒྱལ་ནང་གི་རྐང་རྩེད་སྤོ་ལོའི་རྩལ་འཁྲིད་པ་གྲགས་ཅན་དང་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གསོ་སྦྱོང་དང་འཆད་ཁྲིད་བྱས་ནས་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་བཏང་ཡོད། རྐང་རྩེད་སྤོ་ལོའི་ཆེད་ལས་དགེ་རྒན་གདན་ཞུ་བྱེད་མང་དུ་བཏང་བ་དང་མཐོ་སློབ་ཀྱི་ལུས་རྩལ་ཆེད་ལས་དང་མཉམ་ལས་བྱས་ནས་ཁ་ཕྱོགས་གཏན་འཁེལ་གྱིས་ཤེས་ལྡན་པ་གསོ་སྦྱོང་བྱེད་པར་བཏང་ཡོད། དགེ་རྒན་ལ་ལྕག་སྐུལ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དགེ་རྒན་གྱི་ཧུར་སེམས་འཕེལ་བར་བྱས་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་བྱ་གཞག་ཡུན་རིང་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

བྱ་ཐབས་བཟང་པོ་རབ་དང་རིམ་པའི་སྐུལ་འདེད་འོག་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭའི་རྐང་རྩེད་སྤོ་ལོར་འགྲན་བསྡུར་ནང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སྟེ། 2018ལོར་ལྷ་ས་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་ལོ་ཆུང་གིས་བོད་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི“འབྱུང་འགྱུར་གྱི་མེ་སྟག”ཅེས་པའི་དགུན་དུས་ཀྱི་ཀུན་གསལ་ལུས་རྩལ་འདུ་ཚོགས་ཆེ་མོའི་གངས་ཁྲོད་རྐང་རྩེད་སྤོ་ལོའི་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་པ་དང་། 2019ལོར་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དབྱར་སྒར(ལྷོ་ནུབ་འགྲན་ཁུལ)གྱི་མཐོ་འབྲིང་གི་སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་མ་ཟད། ལྷག་པར་དུ་དེའི་ཁྲོད་ནས་རུ་མི་11རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དབྱར་སྒར་གྱི་འཐབ་རུ་ཡག་ཤོས་ནང་ཚུད་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པར་བདམས་པ། 2025ལོར་བོད་ལྗོངས་རུ་ཁག་གི་ཚབ་བྱས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མང་ཚོགས་ཀྱི་འགྲན་བསྡུར་གྱི་རྐང་རྩེད་སྤོ་ལོའི་རྣམ་གྲངས་ཀྱི་སྐྱེས་པ་མི་བདུན་ལམ་ལུགས་ཀྱི་གྲ་སྒྲིག་འགྲན་བསྡུར་ལ་ཞུགས་མཁན་ལྷ་སའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་མཐའ་བསྡུར་ནང་བདེ་བླག་ངང་ཚུད་པ་སོགས་མང་པོ་ཡོད།

གྲུབ་འབྲས་དེ་དག་རང་སྐྱོང་ལྗོངས་སློབ་གསོ་ལུས་རྩལ་སྡེ་ཚན་གྱིས་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། “སློབ་གྲྭ་གྲགས་ཅན་གྱིས་རུ་ཁག་གྲགས་ཅན་འཛུགས་པའི”སེམས་ཤུགས་གཅིག་མཐུན་བྱས་པ་ལས་བྱུང་བ་ཞིག་རེད། འབྱུང་འགྱུར་ལ་ལྟ་སྐབས《ལྷ་ས་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2024ལོ་ནས་2027ལོ་བར)》བཏོན་ནས་ལག་ལེན་བསྟར་བ་དེས་ལྷ་ས་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་ལ་དེ་བས་མཚར་སྡུག་བཀྲ་བའི་འཆར་འགོད་ཀྱི་མཛེས་རིས་ཤིག་འགོད་རྒྱུ་རེད།

(བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)