འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི”རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་ཀྱིས་གྲོང་སྡོད་ལས་བྱེད་པ་བསྡོམས་103575མངགས་གཏོང་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཚང་མར་བཅའ་སྡོད་བྱས་ཡོད་པ་དང་། རྫོང་དང་ཁྲུའུ་རིམ་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་བསྡོམས་296བདམས་ནས་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་བའི་འགན་འཁུར་དུ་བཅུག་པ་དེ་དག་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཁྱབ་ཡོད། ལོ་མང་རིང་ལག་ལེན་བྱས་པ་བརྒྱུད། ད་ཆ་གྲོང་སྡོད་ལས་དོན་དེ་བོད་ཀྱིས་རྨང་རྩ་གཉིས་བརྟན་དང་། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་བྱེད་པའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་ཚད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་ཀྱིས“ལེགས་སུ་གཏོང་བ་དྲུག”གི་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ཏེ་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ་སྟེ། འགོ་ཁྲིད་ཀྱི་ལམ་སྲོལ་ལེགས་སུ་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལོ་ལྟར་ལས་བྱེད་པ་གྲོང་སྡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་རིམ་གསུམ་འགན་འཁྲིའི་མ་ལག་བཙུགས་ནས་རྩ་འཛུགས་ཀྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དོ་དམ་གྱི་སྒྲིག་སྲོལ་ལེགས་སུ་བཏང་སྟེ“རྫོང་རེར་སྣེ་འཁྲིད་མཁན་རེ་དང་། ཤང་རེར་ཀྲི་པུའུ་རེ། གྲོང་ཚོ་རེར་ཧྲུའུ་ཅི་རེ”བཅས་ཀྱི་དྲང་འཕྱང་དོ་དམ་དྲ་བ་བཙུགས་ནས་གྲོང་ཚོ་རིམ་པའི་བཅོས་སྐྱོང་སྟོབས་ཤུགས་སྡེབ་སྒྲིལ་བྱས་པ། གྲོང་སྡོད་ཀྱི་བཀོད་པ་ལེགས་སུ་བཏང་སྟེ། “ལྔ་འདེམས་ལྔ་སྤེལ”གྱི་གནད་སྨིན་མངགས་གཏོང་ཐབས་ཇུས་ལག་ལེན་བསྟར་ནས་རོགས་སྐྱོར་གྱི་ཆེད་ལས་རང་བཞིན་ཆེ་རུ་བཏང་བ། འགན་ནུས་དང་འགན་འཁྲི་ལེགས་སུ་བཏང་སྟེ། གཞི་རིམ་ཏང་འཛུགས་སྐྱོང་གི“བླང་བྱ་ཁག་ལྔ”དེ་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་ཁག་ལྔ”རུ་བསྒྱུར་ནས“ཚད་གཞི་བཟོ་བ་དང་། ཚད་གཞི་དང་བསྡུར་བ། ཚད་གཞི་ལོན་པ”བཅས་ཀྱི་ལས་ཀའི་བྱེད་ཐབས་སྤྱད་དེ་ལས་འགན་ཞིབ་ཚགས་སུ་བཏང་བ། ལམ་ལུགས་ཀྱི་མ་ལག་ལེགས་སུ་བཏང་སྟེ། 《གྲོང་སྡོད་ལས་བྱེད་པ་འདེམས་གཏོང་དོ་དམ་ལག་བསྟར་བྱེད་ཐབས》བཏོན་ནས“ངེས་པར་དུ་དྲུག”དང“བྱེད་མི་ཆོག་པ་བདུན”གྱི་བྱ་སྤྱོད་ཚད་གཞི་ཁ་གསལ་བཟོས་ནས་དཔུང་ཁག་ལ་དོ་དམ་ནན་པོ་བྱས་པ། སྲིད་ཇུས་ཀྱི་འགན་སྲུང་ལེགས་སུ་བཏང་སྟེ། སྐུལ་ལྕག་དང་ཐུགས་ཁུར་ལམ་སྲོལ་བཙུགས་ནས་གྲོང་སྡོད་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ་བཅས་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འགག་རྩའི་གྲངས་གཞི་ཁག་ལྔའི་ཐོག་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཕན་འབྲས་མངོན་པར་བྱས་ཡོད། དེའི་གྲས་སུ་དགོངས་པས་བློ་སྦྱོང་ལ་ཁྲིད་སྟོན་བྱས་པར་རིམ་རྩིས་བརྒྱབ་ན“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་16.7སྤེལ་བ་དེ་མང་ཚོགས་མི་ཐེངས་ཁྲི་1028.5ལ་ཁྱབ་པ་དང་། ཤེས་དཔལ་ཁྱིམ་ཚང་དང་ཀུན་སྤྱོད་དཔེ་བཟང་སོགས་2600ལྷག་ཙམ་དཔྱད་འདེམས་བྱས་པ། རྩ་འཛུགས་འཛུགས་སྐྱོང་དང་སྲ་བརྟན་དུ་བཏང་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་415ལ་དག་ཐེར་བྱས་པ། གྲོང་ཚོ་རིམ་པའི་ལམ་ལུགས་ཁག་ཁྲི་3.77འཐུས་སྒོ་ཚང་དུ་བཏང་བ། གྲོང་ཚོ་ལས་བྱེད་པ་ཁྲི་2.1གིས་ཏང་གི་སློབ་གྲྭའི་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་ལེན་བྱས་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་བསྐོས་པ་2817གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་ཞུགས་པ། སྤྱི་ཚོགས་བཅོས་སྐྱོང་དང་བདེ་འཇགས་ཡོང་བར་བྱས་ནས་འགལ་ཟླ་དང་རྩོད་གཞི་ཁྲི་5.4བསལ་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་གཞི་རིམ་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ། ཐོན་ལས་དར་རྒྱས་དང་དམངས་ཕྱུག་ཡོང་བར་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དང་ཆེད་ལས་མཉམ་ལས་ཁང་6000ལྷག་ཙམ་གསར་འཛུགས་བྱས་པ། “ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ”བྱེད་པ་བརྒྱུད། ལོར་ཆ་སྙོམས་ཞིང་འབྲོག་དུད་ཚང་ཁྲི་80ལྷག་ཙམ་ལ་བསྐྱོད་ནས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱས་པ་དང་། ཉེན་དཀའི་དུས་སུ་འགན་འཁྲི་ཕྲག་ཏུ་ཁུར་ཏེ། བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་གྱི་འགག་རྩའི་དུས་སུ་གྲོང་སྡོད་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་མི་ཐེངས་ཁྲི་14ལྷག་ཙམ་གནས་སྤོས་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་བཅས་ཚུད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་སྡོད་ཀྱི་གཏམ་རྒྱུད་ཟིན་ཐོར་འགོད་པ་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས《སྐལ་བཟང་མེ་ཏོག་རབ་ཏུ་བཞད། གྲོང་སྡོད་ལས་བྱེད་པས་གཏམ་རྒྱུད་བཤད》ཅེས་པ་རྩོམ་སྒྲིག་དཔེ་སྐྲུན་བྱས་ཏེ་གསོན་ཉམས་དོད་པའི་དཔེ་མཚོན་100ལྷག་ཙམ་བསྡུ་ལེན་བྱས་ནས་གྲོང་སྡོད་ལས་བྱེད་པས་གཞི་རིམ་དུ་རྩ་བ་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེས་ཞུས)