《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月23日

མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས།

བྱ་ཐབས་སྣ་མང་སྤྱད་དེ་དམངས་གཉེར་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་བརྟན་པོ་འགྲོ་བར་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་གཏིང་ཟབ་སྤེལ་བ་དང་། སྲིད་ཇུས་ཀྱི་ལྟ་སྐུལ་སློབ་སྟོན་དོན་འཁྱོལ་དང་ཕན་འབྲས་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་འདོད་མོས་དང་། ནུས་པ། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རམ་འདེགས་བྱས་ནས། དམངས་གཉེར་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་བཏང་ཡོད།

མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ས་གནས་སྲིད་གཞུང་གི་མཛུབ་ཁྲིད་དང་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ། 《དངུལ་རྩས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང《དངུལ་རྩས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་ཞབས་འདེགས་ཞུ་བའི་2022ལོ་ནས་2027ལོའི་བར་གྱི་ལས་དོན་ཇུས་གཞི》བཀྲམ་ནས། དངུལ་རྩའི་སྒྲིག་གཞིས“དངུལ་བུན་གཏོང་ཕོད་པ་དང་། དངུལ་བུན་གཏོང་འདོད་པ། དངུལ་བུན་གཏོང་ཐུབ་པ། དངུལ་བུན་གཏོང་ཤེས་པ”བཅས་ཀྱི་ཕུགས་ཕན་ལམ་སྲོལ་གང་མགྱོགས་འཛུགས་པར་སྐུལ་འདེད་བཏང་སྟེ། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཡིད་རྟོན་དངུལ་བུན་ཐོན་རྫས་དང་ཞབས་ཞུའི་རྣམ་པ་ཆགས་པར་བྱས་ཡོད། 2025ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། ཉིང་ཁྲི་གྲོང་ཁྱེར་གྱི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་99.81ཟིན་པ་དེ་དུས་མཚུངས་ལས་5.33%འཕར་བ་དང་། ཀུན་ཕན་ཕྲན་ཚེགས་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་41.03ཟིན་པ་དེ་དུས་མཚུངས་ལས་22.19%འཕར་ཡོད།

མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིས་ཡུལ་བབ་དང་བསྟུན་ཏེ་ཡིད་རྟོན་དངུལ་བུན་ཐོན་རྫས་གསར་གཏོད་ཀྱི་ཁྲིད་སྟོན་ལ་དོ་སྣང་བྱས་ཏེ། “འགན་ཡིག་གཏའ་འཇོག་དངུལ་བུན”དང་། “དངུལ་ཁང་དང་ཁྲལ་དོན་མཉམ་འགུལ” “ཤེས་བྱའི་བདག་དབང་གཏའ་འཇོག་དངུལ་བུན”སོགས་མ་དངུལ་བསྡུ་རུབ་ཐོན་རྫས་སྔ་རྗེས་སུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། མིག་སྔར། གྲོང་ཁྱེར་ཡོངས་སུ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་12ཡོད་པ་དེ་དག་གིས་རིམ་རྩིས་བརྒྱབ་ན་འགྲོ་ལུགས་གཉེར་བའི་འགྲོ་གྲོན་ཁེ་ཟ་གྱོང་ཁུར་སྒོར་ཁྲི་451.7བཏང་བ་དེས་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་སོགས་གཉེར་སྐྱོང་བྱེད་པོའི་དུད་ཚང་ཁྲི་3.73ལ་ཕན་པ་བཏགས་ཡོད།

(བུ་ཁྲིད་དང་ཕུར་སྒྲོན་གྱིས་བསྒྱུར། པ་ཚེ་དང་རིག་རྡོར་གྱིས་ཞུས)