ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་ལྷ་རི་རྫོང་གི་ཀྱག་ཀྱོག་རི་ལམ་དེ་མང་ཚོགས་ལ་གློག་གཏོང་བའི་འགལ་རྐྱེན་ཞིག་ཏུ་གྱུར་ཡང་། ད་ཆ་རྒྱལ་ཁབ་གློག་དྲ་ལྷ་རི་རྫོང་གློག་གཏོང་ཀུང་སིས་དྲ་མིག་ཅན་གྱི་ཞབས་འདེགས་ཞུ་རྒྱུ་སྦྲེལ་ཟམ་དུ་བྱས་ཏེ། སྤུས་ལེགས་གློག་ཤུགས་ཞབས་ཞུ་གང་སར་ཁྱབ་པར་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སེམས་འབྲེལ་ཟམ་པ་ལྟ་བུ་ཞིག་བསྐྲུན་ཡོད།
ཐག་རིང་ས་ཁུལ་དུ་གློག་ཁྲིད་དཀའ་བའི་དཀའ་ངལ་སེལ་ཆེད། རྒྱལ་ཁབ་གློག་དྲ་ལྷ་རི་རྫོང་གློག་གཏོང་ཀུང་སིས་དྲ་མིག་ཆེད་ལས་ཅན་གྱི་ཚོགས་པ་བཙུགས་ནས“དྲ་མིག་ཆེད་ལས་པས་སྣེ་འཁྲིད་པ་དང་ཆེད་ལས་མང་པོས་མཐུན་སྦྱོར”བྱེད་པའི་ཞབས་ཞུའི་མ་ལག་ཅིག་བཏོད་དེ། གློག་ཤུགས་ཆུང་བའི་དྲ་མིག་ཅན་གྱི་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས་ཁྱབ་གདལ་བཏང་ཡོད། 2025ལོའི་ཟླ་3པར། ཤ་མ་གློག་གཏོང་ཞབས་ཞུའི་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་ཏེ་ཤ་མ་དང་། རྫ་འབི། རོང་སྟོད་སོགས་ཤང་དང་གྲོང་རྡལ་དྲུག་གི་སྲིད་འཛིན་གྲོང་ཚོ་73ལ་ཁྱབ་པའི་དུད་ཚང་5026གི་ཡུལ་མི་དང་ཚོང་དུད་ལ“གཅིག་འཐུས་རྣམ་པའི”གློག་གཏོང་ཞབས་འདེགས་ཞུས་པ་དེས་མང་ཚོགས་ལ་གློག་སྤྱོད་བློ་འདྲི་དང་གློག་རིན་སྤྲོད་པ་སོགས་ཀྱི་ལས་སྒོ་སྟབས་བདེ་པོས་གཉེར་ཐུབ་པ་བྱུང་ལ། ད་དུང་དུས་བཀག་ལྟར་བདེ་འཇགས་གློག་སྤྱོད་ཀྱི་གསོ་སྦྱོང་ནང་ཞུགས་ཏེ། གློག་དང་སོལ་རླངས་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་སེམས་རྩ་འཁོལ་བའི་ཞབས་ཞུའང་ལོངས་སྤྱོད་ཐུབ་ཡོད།
“གློག་སྤྱོད་མཁན་གྱི་རེ་ཞུ་འབྱོར་རྗེས། ང་ཚོས་འཕྲལ་མར་གནས་སར་གཞིགས་ཏེ། དྲ་མིག་གི་ཅིང་ལི་བཀོད་སྒྲིག་བྱས་ནས་གློག་ཤུགས་ཀྱི་ཞབས་ཞུ་འཕྲལ་དུ་སྒྲུབ་ཡུན་ཆ་སྙོམས་ཆུ་ཚོད་4ནས་ཆུ་ཚོད་1.5བར་ཐུང་དུ་བཏང་ཡོད”ཅེས་ཤ་མ་གློག་གཏོང་ཞབས་ཞུ་ས་ཚིགས་ཀྱི་ཀྲེན་ཀྲང་རིན་ཆེན་རྒྱ་མཚོས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཞབས་ཞུའི་ས་ཚིགས་སྤྱོད་འགོ་ཚུགས་ཚུན། རིམ་བརྩིས་བརྒྱབ་ན་ལས་སྒོ་སྣ་ཚོགས་ཁག་102བདག་སྤྲོད་བྱས་པ་དང་སྒོ་རྩར་བསྐྱོད་ནས་གློག་སྤྱོད་གནད་དོན་ཐེངས་26བསལ་བ་མ་ཟད། གྲོང་ཚོར་བསྐྱོད་དེ་བདེ་འཇགས་གློག་སྤྱོད་ཀྱི་དྲིལ་བསྒྲགས་ཐེངས་21ཀྱང་སྤེལ་བ་རེད།
རོང་སྟོད་ཤང་གི་འབྲོག་པ་གནས་སྡོད་བྱ་ཡུལ་དུ་དྲ་མིག་ཆེད་ལས་པས་རྒན་འཁོགས་ལ་ཁ་པར་ནས་གློག་རིན་སྤྲོད་སྟངས་ཞིབ་ཚགས་པོས་བསླབས་པ་དང་། རྫ་འབི་ཤང་གི་ཞིང་ནང་དང་མུ་ཁར་དྲ་མིག་ཅིང་ལིས་རང་འགུལ་ངང་ཞིང་ཆུ་གཏོང་བའི་སྒྲིག་ཆས་ཀྱི་གློག་སྤྱོད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་སོགས་ཞབས་འདེགས་ཞུས་པས་གློག་གཏོང་བའི་ཞབས་འདེགས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་ཁྱབ་ཐུབ་པ་བྱུང་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)