“གྲོང་ཚོའི་ནང་སྦག་སྦག་བཏང་ན་སྟབས་བདེ་པོ་འདུག་མོད་གྲོང་ཁྱེར་དུ་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་ལེན་པར་འགྲོ་དགོས་ཚེ། ལམ་ཐག་རིང་བའི་ཁར་འགྲོ་སོང་ཆེན་པོ་འདུག་ལ་དེའི་རིང་ཞིང་ལས་ལའང་འཐུས་ཤོར་འགྲོ་གི་འདུག ད་ཆ་འགྲིམ་འགྲུལ་སྡེ་ཚན་གྱིས“རྒྱུགས་སྤྲོད་གཤམ་སྤེལ”གྱི་ཞབས་འདེགས་ཞུས་པས་ཁྱིམ་གྱི་སྒོ་རྩར་རྒྱུགས་སྤྲད་ནས་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་ལེན་ཐུབ་ཀྱི་འདུག དངོས་གནས་སྟབས་བདེ་པོ་འདུག”ཅེས་ཡིག་རྒྱུགས་ནང་ཞུགས་མ་ཐག་པའི་བཞོ་ར་གྲོང་ཚོའི་གྲོང་མི་སྐར་མས་དགའ་སྤྲོའི་ངང་བཤད། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“རྒྱུགས་སྤྲོད་གཤམ་སྤེལ”གྱི་རྒྱུགས་སྤྲོད་དང་པོ་དེ་མཚོ་སྨད་གྲོང་རྡལ་བཞོ་ར་གྲོང་ཚོར་བཏང་ཞིང་། སྦག་སྦག་གཏོང་ཆོག་པའི་རྒྱུགས་སྤྲོད་ཀྱི་རིག་ཚན་4ཚང་མ་ཉིན་གཅིག་ནང་བཏང་ཚར་གྱི་ཡོད་པ་དང་། རྒྱུགས་ནང་ཞུགས་མཁན་40ལྷག་ཙམ་ལ་ས་གནས་ས་ཐོག་ཏུ་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་རག་ཡོད།
འདི་ལོ་ཚུན། མཚོ་སྨད་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དམངས་འཚོའི་དགོས་མཁོར་དམ་པོར་དམིགས་ཏེ། གྲོང་ཚོ(སྡེ་ཁུལ)ཁག་ཏུ་བསྐྱོད་ནས“སྦག་སྦག་གཏོང་ཆོག་པའི་རྒྱུགས་སྤྲོད་གཤམ་སྤེལ”གྱི་དམངས་ཕན་ཞབས་འདེགས་ཞུས་ཏེ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩར་སྦག་སྦག་གཏོང་ཆོག་པའི་རྒྱུགས་སྤྲོད་ལ་མིང་ཐོ་འགོད་པ་དང་། རྒྱུགས་གཏོང་བ། ལས་སྒོ་ཞུ་ལེན་བཅས་བྱེད་ཆོག་པ་མ་ཟད། ལག་ཁྱེར་ལེན་རིང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པར་སྔར་བས་སྟབས་བདེ་རུ་ཕྱིན་ཡོད།
“རྒྱུགས་སྤྲོད་གཤམ་སྤེལ”ཡག་པོ་བྱེད་པ་དང་ཆབས་ཅིག་མཚོ་སྨད་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་འགྲོ་སྐྱོད་ཁྱད་ཆོས་ལ་དམིགས་ཏེ། དོན་དངོས་ཀྱི་དཔེ་མཚོན་དང་ཟུང་འབྲེལ་གྱིས་རྒྱུགས་སྤྲོད་ཞུགས་མཁན་མང་ཚོགས་ཚོར་ལག་ཁྱེར་དང་འཁོར་བྱང་མེད་པར་སྦག་སྦག་གཏོང་བ་དང་། ཆང་རག་བཏུངས་རྗེས་སྦག་སྦག་གཏོང་བ། སྒྲིག་འགལ་ངང་མི་བླུགས་པ། ཐེག་ཚད་དང་མྱུར་ཚད་ལས་བརྒལ་བ། སྲུང་ཞྭ་མི་གྱོན་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཉེན་ཁ་དང་མཇུག་འབྲས་གསལ་འགྲེལ་ཞིབ་ཕྲ་བྱས་ནས་ཚང་མར་རང་འགུལ་ངང་འགྲིམ་འགྲུལ་སྒྲིག་ལམ་བསྲུངས་ནས་ཡ་རབས་ཕྱིར་སྐྱོད་ཀྱི་གོམས་གཤིས་ཡག་པོ་འཇགས་པར་ཁྲིད་སྟོན་བྱས་ཡོད།
“རྒྱུགས་སྤྲོད་གཤམ་སྤེལ”བྱས་པ་ལས་ཤང་གྲོང་དང་གྲོང་ཚོའི(སྡེ་ཁུལ)མང་ཚོགས་ཚོས་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་ལེན་པའི་དགོས་མཁོ་ནུས་ལྡན་བསྐངས་པ་མ་ཟད། གྲོང་གསེབ་ཏུ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ཚད་ཀྱང་ཉུང་དུ་ཕྱིན་ཡོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)