《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月23日

གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཁུར་རྩེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས།

“ཡུལ་ཟོག”འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བ།

དཔྱིད་ཟླ་གསུམ་པར་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་རྩྭ་ར་སྔོ་ཐིང་ངེར་འགྱུར་འགོ་ཚུགས་པ་དང་སྲོ་ལོ་དམར་པོ་དང་སྙི་བ་སོགས་མྱུ་གུ་འབུས་ནས་སྐྱེ་འཚར་གྱི་དུས་ཚིགས་འཆར།

ཆབ་ཁ་གྲོང་རྡལ་ཁུར་རྩེ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་རུ་དཔོན་ཚེ་བརྟན་སྒྲོལ་དཀར་གྱིས“དཔྱིད་ཀ་ཤར་བ་དང་བསྟུན་ནས་ཁུར་རྩེ་གྲོང་ཚོའི་ཐོན་ལས་ལའང་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཤར་ཡོད། བཅའ་སྡོད་གྲོང་ཚོའི་རྩི་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་གིས་ཁུར་རྩེ་གྲོང་ཚོའི་ལོ་ཧྲིལ་པོའི་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་དང་ཇུས་འགོད་ཞིབ་ཕྲ་བྱས་ཡོད”ཅེས་ངོ་སྤྲོད་བྱས།

ཁུར་རྩེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་ན་ནིང་ཟླ་5པར་བཅའ་སྡོད་བྱས་རྗེས། ཚེ་བརྟན་སྒྲོལ་དཀར་དང་ལས་དོན་རུ་ཁག་གི་ལས་རོགས་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་གྲོང་ཚོའི་རྩམ་པ་དང་ནས་ཆང་མཉམ་ལས་ཁང་ལ་མིག་སྔར་ཐོན་རྫས་རྐྱང་པ་དང་ཟུར་སྣོན་རིན་ཐང་དམའ་བ་སོགས་ཀྱི་གནད་དོན་འཕྲད་པ་ཤེས་རྟོགས་བྱུང་ཡོད། གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་པའི་ཐད་གྲོང་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞིགས་ཏེ་མངགས་སྡོད་ཚན་པ་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་ལས་སྟེགས་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་གྲོང་ཚོ་དེ་ཉིད་འཕེལ་རྒྱས་ཀྱི་དཀའ་གནད་ལས་སྒྲོལ་བའི་གདམ་ག་ཡག་ཤོས་ཡིན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་གིས་གྲོས་བསྡུར་དང་། མཐུན་སྦྱོར། སྙན་སེང་ཞུ་བ་སོགས་ལས་དོན་རབ་དང་རིམ་པ་སྤེལ་རྗེས། ས་གནས་དེ་གའི་ནས་དང་སྲོ་ལོ་དམར་པོ་སོགས་ཁྱད་ལྡན་ཐོན་ཁུངས་གང་ལེགས་བསྔོགས་ནས“གཡུ་གཞོང”ལག་བཟོས་འདག་རྫས་ཇུས་འགོད་དང་འགྲེམས་སྤེལ་བྱས་པར་ལུག་གི་འོ་མའི་འདག་རྫས་དང་སྲོ་ལོ་དམར་པོའི་འདག་རྫས་སོགས་ཡོད་ལ། ཐོན་སྐྱེད་བཟོ་རྩལ་ལྡན་པའི་ཁེ་ལས་ལ་ཐོན་སྐྱེད་མངགས་བཅོལ་བྱས་པ་བརྒྱུད་ལག་བཟོས་འདག་རྫས་འབོར་ཆེན་ལས་ཕྱོད་ཆེན་པོས་ཐོན་སྐྱེད་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིཌ་ན། མཉམ་ལས་ཁང་དེས་བཟོས་པའི་ནས་དང་ལུག་གི་འོ་མའི་འདག་རྫས་ཁག་དང་པོ་འདི་ལོའི་ལོ་འགོར་ཁྲོམ་རར་བཙོངས་པ་དང་ཐོན་རྫས་གཞན་དག་མིག་སྔར་གཅིག་རྗེས་གཉིས་མཐུད་ངང་ཐོན་སྐྱེད་བྱེད་བཞིན་ཡོད་པར་འཛད་སྤྱོད་པའི་དགའ་བསུ་དང་ཁྲོམ་རའི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།

“ཐོན་རྫས་ཁྱབ་གདལ་གཏོང་ཆེད། ང་ཚོས་དྲ་ཐོག་ནས་ཁྱུག་དབྱིངས་གཞུང་ཕྱོགས་ཀྱི་ཨང་རྟགས་རེ་བ་ཞུས་ཏེ་ཁྱུག་དབྱིངས་ཚོང་ཁང་བཙུགས་ནས་ཐད་གཏོང་བྱས་པར་ཐེངས་དང་པོར་ཡོང་འབབ་སྒོར་2519བྱུང་བ་དང་དུས་ཐུང་ཟླ་བ་གཉིས་ལ་དྲ་ཐོག་དང་དྲ་ཕྱི་ནས་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང”ཞེས་ཚེ་བརྟན་སྒྲོལ་དཀར་གྱིས་དགའ་སྤྲོའི་ངང་བཤད།

སྲོལ་རྒྱུན་གྱི་རྩམ་པ་དང་ནས་ཆང་ནས་ལག་བཟོས་འདག་རྫས་རབ་དང་རིམ་པ་གསར་གཏོད་དང་བཙོངས་པའི་བར་ཁུར་རྩེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས་བརྩོན་ཞིབ་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།

(བདེ་སྐྱིད་ཀྱིས་བསྒྱུར། པད་ཆོས་ཀྱིས་ཞུས)