《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月23日

ནགས་ཀྱིས་བསྐོར་བའི་གྲོང་ཁྱེར་དང་སྔོ་ལྗང་གིས་བརྒྱན་པའི་གྲོང་ཚོ།

—— ལྷ་ས་གྲོང་ཁྱེར་གྱི་ནགས་ལས་དང་རྩྭ་ཐང་ལས་དོན་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། སྐྱེ་ཁམས་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་སྔོ་ལྗང་དང་ཡོང་འབབ་མང་དུ་གཏོང་བའི“སྒུལ་ཤུགས་གཉིས”ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

སྐྱེ་ཁམས་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་དར་རྒྱས་ཀྱི་རྨང་གཞི་བཏིང་ཞིང་། 2024ལོར་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་དང་གྲོང་ཁྱེར་གྱི་འགྲོ་ལམ་སྔོ་འགྱུར་ལེགས་གཏོང་སོགས་ལས་གྲྭ་གལ་ཆེན་ལ“ནགས་ལས་རྣམ་གྲངས་དང་ལས་ཞུགས་རོགས་སྐྱོར་ཟུང་འབྲེལ”གྱི་རྣམ་པ་གསར་གཏོད་བྱས་ནས་ལག་ལེན་བསྟར་ཡོད། ཞིང་འབྲོག་པ་ནགས་བཟོ་སྔོ་འགྱུར་དང་དུས་མཇུག་གི་གཡོག་བྱེད་སོགས་ལ་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པར་བརྟེན་ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་213ལྷག་ཙམ་ལས་ཞུགས་ཐུབ་པ་དང་ཡོང་འབབ་སྒོར་དུང་ཕྱུར་7.65བྱུང་ཡོད།

ཐོན་ཁུངས་གཞན་སྒྱུར་ལ་བརྟེན་ནས་ལྗང་མདོག་དཔལ་འབྱོར་གྱི་སྒུལ་ཤུགས་འཕེལ་བར་བྱས་ཤིང་། སྐྱེ་ཁམས་ཀྱི་དམར་ཐིག་ནན་པོ་སྲུང་བའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་ནགས་ལས་དང་རྩྭ་ཐང་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ“སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ”གྱི་ལམ་སྲོལ་གསར་པ་བཙུགས་ཡོད། ཚན་རིག་དང་མཐུན་པར་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་ནས་རྐོ་འཐུ་དང་དོ་དམ་ཚད་ལྡན་དུ་བཏང་བས། 2024ལོར་དབྱར་རྩྭ་དགུན་འབུའི་ཐོན་ཚད་སྟོང་ཁེ་1040.79ཟིན་ནས་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར་1.45ཟིན་པ་དེ་དུས་མཚུངས་ལས་38.1%འཕར་ཡོད།

ལམ་ལུགས་སྒྱུར་བཅོས་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ། ལྷ་ས་གྲོང་ཁྱེར་གྱིས་ལམ་ལུགས་གསར་གཏོད་ཀྱི་སྣ་འདུས་ཐབས་བཟང་བཏོན་ཡོད། མཉམ་སྡེབ་ཀྱི་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་ནགས་ལས་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་ཞིང་འབྲོག་པའི་ཁེ་ཕན་ཟུང་འབྲེལ་དམ་ཟབ་བྱས་པ་དང་། ནགས་དཔོན་ལམ་ལུགས་ཀྱི་སྒྱུར་བཅོས་ཚོད་ལྟར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིར་ཁྱབ་པའི་སྐྱེ་ཁམས་བཅོས་སྐྱོང་དྲ་རྒྱ་བཙུགས་པ། “ཡུག་འབྲེལ་འགན་གཙང་འགན་ལེན་དང་གནས་སྡོད་ལྟ་སྐུལ་མཛུབ་ཁྲིད”ཀྱི་ལམ་ལུགས་གསར་གཏོད་བྱས་ནས་ལག་ལེན་བསྟར་ཏེ་ཆེད་ལས་ལག་རྩལ་གྱི་སྟོབས་ཤུགས་ཞིང་ནང་དང་མུ་ཁར་ཐད་ཀར་སླེབས་ཐུབ་པ་བྱས་ཡོད།

སྐྱེ་ཁམས་སྲུང་བཅད་ལ་བརྟེན་ནས་དར་རྒྱས་གོང་འཕེལ་གྱི་རྨང་གཞི་བརྟན་དུ་བཏང་ཞིང་། མིག་སྔར་ལྷ་ས་གྲོང་ཁྱེར་དུ་རང་བྱུང་སྲུང་སྐྱོང་ཁུལ་13བསྐྲུན་པར་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་81.89ཟིན་པ་དང་འདམ་རར་སྲུང་སྐྱོང་བྱེད་ཚད་7%ཟིན་ཡོད།

ཉེ་ཆར་2025ལོའི་ལྷ་ས་གྲོང་ཁྱེར་གྱི་ནགས་ལས་དང་རྩྭ་ཐང་ལས་དོན་ཚོགས་འདུ་འཚོགས་ནས་དུས་རབས་གསར་པའི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལྷ་སའི་ལག་ལེན་གྱི་ལེའུ་གསར་པ་བརྩམས་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)