ཉིན་ཤས་བསྟུད་མར། མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོའི་མུའུ་སྟོང་ཟིན་པའི་ས་ཆར་ལས་བྲེལ་ཤིན་ཏུ་ཆེ།
ཟླ་4པའི་ཟླ་འགོར་ཡུལ་ལུང་དེ་གར་སྤེལ་འགོ་ཚུགས་པའི་མཚོ་མོ་ངང་ལག་རིང་མོའི་རྒྱུད་དུ་རྒྱ་ལྕང་འཛུཌ་པའི་ལས་གྲྭར“ཉིན་47རིང་འགག་གནད་ལས་སྒྲོལ་བ་དང་། མུའུ་སྟོང་ལ་ཤིང་སོན་འདེབས་པ། ཡོང་འབབ་ཁྲི་བརྒྱ་འཕར་བ”བཅས་ཀྱི་བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་བཅོས་སྐྱོང་དང་ཐུན་མོང་ཕྱུག་འགྱུར་གྱི་གོམ་སྟབས་གཅིག་མཚུངས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་བཏོད་ཡོད།
དཔྱིད་དུས་ཀྱི་འདེབས་འཛུཌ་དུས་མཚམས་ཡག་ཤོས་ལ་དམ་འཛིན་བྱ་ཆེད། རྐོ་འདྲུའི་འཕྲུལ་འཁོར་10ལས་གྲུབ་པའི“འཕྲུལ་ཆས་གཙོ་ཤུགས་དམག”གིས་ཉིན་མཚན་མེད་པར་ལས་ཀ་བྱེད་པ་དང་། འཕྲུལ་ཆས་རེར་ལག་རྩལ་བཟོ་པ་ཆུང་གྲས་3རེ་བཀོད་སྒྲིག་བྱེད་ཅིང་། “འཕྲུལ་ཆས་ཀྱིས་ས་ཤུར་འདྲུ་བ་དང་མིས་ཤིང་སོན་འདེབས་པའི”ལས་ཕྱོད་ཆེ་བའི་མཉམ་ལས་བྱེད་སྟངས་ཆགས་པ་དང་། འཕྲུལ་ཆས་གཅིག་གིས་ཉིན་རེར་མཚོ་མོ་ངང་ལག་རིང་མོའི་རྒྱུད་དུ་རྒྱ་ལྕང་རྐང་2000ལྷག་ཙམ་འཛུགས་ཐུབ་ཀྱི་ཡོད།
ན་ནིང་ལུ་མ་མཁར་གྲོང་ཚོར་ངང་ལག་རྒྱ་ལྕང་རྐང་ཁྲི་8བཙུགས་པ་དང་ད་ལོ་བཙུགས་ཚད་ཁྲི་92བར་འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར“ལས་གནས་རེས་སྐོར་ལམ་ལུགས”ཀྱི་ལས་མི་བཀོལ་སྟངས་གསར་གཏོད་བྱས་པས། གྲོང་མི་140ལ་སྒོ་རྩར་ཡོང་འབབ་འཕར་བའི་གོ་སྐབས་ཐོབ་ཅིང་། མི་རེར་ཉིན་15ཡི་ལས་སྒྲུབ་དུས་ཚོད་འགན་ལེན་བྱས་ནས་ཉིན་རེའི་ཆ་སྙོམས་གླ་ཆ་སྒོར་270ཡིན་པ་དང་སྔོན་དཔག་བྱས་ན་ལས་མིར་ཡོང་འབབ་སྒོར་ཁྲི་56.7རག་རྒྱུ་རེད།
གསར་དུ་བཙུགས་པའི་སྡོང་ཕྲུག་གསོན་ཚད་འགན་ལེན་བྱ་ཆེད། ཤིང་འཛུགས་ལས་གྲྭ་ཡོངས་སུ་བསྒྲུབས་རྗེས་མི་10ལས་གྲུབ་པའི་ཆེད་འགན་ཆུ་འདྲེན་རུ་ཁག་གིས་ཉིན་ལྟར་སྡོང་ཕྲུག་ལ་ཚན་རིག་དང་མཐུན་པའི་གཡོག་བྱེད་བྱས་ནས་སྡོང་ཕྲུག་གསོན་ཚད་95%ཡན་དུ་ཟིན་པར་བྱ་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)