《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月23日

གངས་ལྗོངས་ཀྱི་མཐའ་མཚམས་སུ་དམག་དམངས་ཉ་ཆུ་ལྟར་བརྩེ་བ་ཟབ་པ།

—— ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས་གཉིས་བཀུར་ལས་དོན་ཏན་ཏིག་སྤེལ་བ།

རི་བོ་ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་ཤིང་མཐའ་བཞི་གངས་རིས་བསྐོར་བའི་ལྷོ་བྲག་རྫོང་གི་མཐའ་མཚམས་འགག་སྒོར་དམག་དཔུང་དང་ས་གནས་དབར“དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ”བཅས་ཀྱི་མི་སེམས་འགུལ་བའི་གཟུགས་བརྙན་རེ་རེ་མིག་ལམ་དུ་མཐོང་རྒྱུ་ཡོད། དེ་སྔ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆ་རྐྱེན་དཀའ་ཚེགས་ཆེ་བའི་མཐའ་མཚམས་ཀྱི་རྫོང་དེར་ད་ཆ“རང་སྐྱོང་ལྗོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང(རྫོང)”གི་གཟི་བརྗིད་མཚན་སྙན་ཐེངས་གསུམ་ཐོབ་པ་མ་ཟད། ད་ལོའི་ཟླ་བཞི་པར་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་ཞེས་པའི་མིང་བཏགས་ཡོད།

ལྷོ་བྲག་རྫོང་གི་ས་ཕྱོགས་གང་ས་ནས་དམག་དམངས་ཉ་ཆུ་ལྟར་བརྩེ་བ་ཟབ་པ་དང་མི་རིགས་མཐུན་སྒྲིལ་གྱི་མཛའ་གཅུགས་ཟབ་པའི་གཏམ་རྒྱུད་ཡང་ཡང་ཐོས་རྒྱུ་ཡོད།

ལྷ་ཁང་གྲོང་རྡལ་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གྲོང་མི་ངག་དབང་གི་མཉམ་ལས་ཁང་ལ་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ནས། ཡུལ་སྐོར་བ་འཕྲད་རིམ་བཞིན་ཁོང་ཚོར་ས་གནས་དེ་གའི་བེ་ཤ་འོས་སྦྱོར་བྱེད་པ་དང་། ཨར་ལས་རུ་ཁག་བཅའ་སྡོད་བྱེད་རིམ་བཞིན་ཁོང་ཚོ་སྔོ་ཚལ་དྲོད་ཁང་དུ་ལྟ་བར་འཁྲིད་ཀྱི་ཡོད། ད་ཆ་ངག་དབང་གི་སྔོ་ཚལ་དྲོད་ཁང་16གི་ལོའི་སྔོ་ཚལ་ཐོན་འབབ་ཏུན་30ཟིན་ནས་དུད་ཚང་17གྱི་གྲོང་མིར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.3ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད།

2016ལོར་ལ་རྒྱབ་ཤང་རྒྱལ་ལ་ཕུག་གྲོང་ཚོ་འཛུགས་སྐབས་ཆུ་དང་གློག་མེད་ལ་ཕྱི་ཕྱོགས་དང་འབྲེལ་གཏུག་ཉུང་ཉུང་རེད། བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་རོགས་སྐྱོར་འོག་སྤྱི་ལེ་46གི་རིམ་བཞིའི་བྱེ་རྡོའི་ལམ་ཤར་གཏོང་ཐུབ་པ་དང་། དུད་ཚང་རེར་ཆ་སྙོམས་འབྲི་གཡག་མགོ་གྲངས་50དང་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་1.6ཟིན་གྱི་ཡོད་པ་རེད།

2024ལོའི་ཟླ་12པར། པུས་ཚིགས་བརྗེ་བའི་བཤགས་བཅོས་ཤིག་ལྷོ་བྲག་རྫོང་མི་དམངས་སྨན་ཁང་དུ་བྱས་པ་རེད། དེ་ནི་ལྷོ་བྲག་རྫོང་དུ་པུས་ཚིགས་བརྗེ་བའི་བཤགས་བཅོས་ཐོག་མ་དེ་ཡིན། བཤགས་བཅོས་ལེགས་གྲུབ་བྱུང་བའི་རྒྱབ་ཏུ་གཏམ་བཟང་ཞིག་ཀྱང་ཡོད།

བཅའ་སྡོད་ཁུལ་གྱི་སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་ཆེད། བཅིངས་འགྲོལ་དམག་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་པུའི་980སྨན་ཁང་གིས་མི་6ལས་གྲུབ་པའི་རིགས་གཅིག་མཁས་ཅན་སྨན་བཅོས་རུ་ཁག་ལྷོ་བྲག་རྫོང་མི་དམངས་སྨན་ཁང་དུ་རྒྱུན་སྡོད་བྱས་ཡོད། རི་བོ་ཧི་མ་ལ་ཡའི་ལྷོ་འདབས་སུ་རི་བོ་མཐོ་ལ་གྲོག་རོང་ཟབ་པ་དང་བཞའ་ཚན་ཆེ་བས་དེ་གར་སྤུས་ཚིགས་ན་མཁན་མང་པོ་ཡོད། རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཧྥུང་ཀྲི་ཅུན་གྱིས་སྐོར་སྐྱོད་སྨན་བཅོས་བྱེད་སྐབས་ལོ་63ལ་སླེབས་པའི་བསོད་ནམས་པུས་ཚིགས་ནད་ཀྱིས་མནར་ནས་ལོ་20ཙམ་སོང་བ་ཤེས་མ་ཐག ཁོང་གིས“རྫོང་སྨན་ཁང་རིམ་སྤོར་བསྐྱར་བསྐྲུན་བྱས་རྗེས། ང་ངེས་པར་དུ་ལོག་ཡོང་ནས་ཁྱེད་རང་ལ་བཤགས་བཅོས་བྱས་ཆོག”ཅེས་ཁས་བླངས། 2024ལོའི་ལོ་མཇུག་ཏུ་ལྷོ་བྲག་རྫོང་མི་དམངས་སྨན་ཁང་བསྐྱར་བསྐྲུན་ཟིན་པ་དང་། བོད་སྐྱོར་ཐིམ་པའི་ཧྥུང་ཀྲི་ཅུན་གྱིས་ཁ་བཤད་ལག་བསྟར་བཞིན་ཆེད་མངགས་ལོག་ཡོང་ནས་བསོད་ནམས་ལ་སྤུས་ཚིགས་བརྗེ་བའི་བཤགས་བཅོས་བྱས་པ་རེད།

ནང་ནིང་ཟླ་6པར། ཉེན་རྟོག་པ་དང་ཞིང་འབྲོག་པ་ཏང་ཡོན་ལས་གྲུབ་པའི་མཐའ་སྲུང་སྐོར་ཞིབ་རུ་ཁག་གིས་ལྷ་ཁང་གྲོང་རྡལ་སྨན་ཆུ་མང་གི་ལ་ཁར་དོགས་ཡོད་ཉེས་ཅན་པ་ཡོད་པ་ཤེས་ནས་འཕྲལ་མར་བཅའ་སྡོད་ཁུལ་གྱི་དཔུང་སྡེར་སྙན་སེང་ཞུས་པས། ཁྲིམས་དང་མ་མཐུན་པར་མཐའ་མཚམས་བརྒལ་བའི་དོན་རྐྱེན་ཞིག་བདེ་བླག་ངང་བཀག་འགོག་ཐུབ་ཡོད། དཔེ་མཚོན་འདི་ནི་ལྷོ་བྲག་རྫོང་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་དབར་མཉམ་འདྲེས་གཏིང་ཟབ་བྱས་པའི་གྲུབ་འབྲས་ཤིག་རེད།

ལྷ་ཁང་གྲོང་རྡལ་ཏང་ཨུད་དང་ལྷ་ཁང་མཐའ་མཚམས་མངག་གཏོང་ཁང་གི་ཏང་ཀྲི་པུས“ཀྲི་པུའུ་མཉམ་གཏོད”བྱས་ནས་ཏང་ཡོན་སྐོར་སྲུང་རུ་ཁག་12མཉམ་དུ་བཙུགས་ཏེ་ཟླ་བ་མི་རེ་ངོ་རེར་མཐའ་མཚམས་སུ་སྐོར་ཞིབ་བྱེད་པར་སྐྱོད་ཀྱི་ཡོད། སྐོར་ཞིབ་བྱེད་རིང་ཚང་མས་རང་སོ་སོའི་ལེགས་ཆ་བཏོན་ནས་མཐའ་མཚམས་ལམ་ཐིག་གི་ཁུང་སྣེ་གཅིག་ཀྱང་མི་ཤོར་བ་བྱེད་ཀྱི་ཡོད།

(རིག་འཛིན་རྡོ་རྗེ་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)