འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་ཀྲང་ཡུས་ཀྲུའོ་དང་མཇལ་འཛོམས་གནང་ཞིང་། ཕྱོགས་གཉིས་པོས་གཞུང་རྒྱུའི་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་། བོད་ཀྱི་ཚན་རྩལ་ཤེས་ལྡན་པར་རྒྱབ་སྐྱོར་དང་དཔྱད་ཞིབ་འབྲས་བུ་སྤྱོད་པར་ཤུགས་སྣོན་རྒྱག་པ། ས་གནས་དེ་གའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་ཀྱི་དོན་གནད་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝེ་ཤིའུ་ཁྲང་ཕེབས་ཡོད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མིག་སྔར། བོད་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་གཞིར་བཟུང་། “འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞིར”འབད་བརྩོན་བྱེད་བཞིན་ཡོད། དེར་ང་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ཚུད་པའི་རྒྱལ་ཁབ་ཀྱི་པུའུ་ཨུད་ཀྱི་སེམས་ཁུར་མཛུབ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་གཞུང་རྒྱུའི་ཀྲུང་དབྱང་ཁེ་ལས་དང་མཐུན་སྦྱོར་བྱས་ཏེ་བོད་དང་འབྲེལ་གཏུག་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤུས་ལེགས་རྣམ་གྲངས་དེ་བས་མང་བ་བོད་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་བོད་ཀྱི་ཐོན་ལས་རིམ་སྤོར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན་སོགས་ཁྱབ་ཁོངས་སུ་བོད་དང་མཉམ་དུ་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱས་ཏེ་ཤེས་ལྡན་པའི་སྤེལ་རེས་དང་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་དཔྱད་ཞིབ་བྱས་འབྲས་སྤྱོད་པར་ཤུགས་སྣོན་བརྒྱབ་ནས་བོད་ལ་སེམས་གནས་ཐུབ་པ་དང་སྤྱོད་ཐུབ་པའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་པ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་གདན་ཞུ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་ཏེ། བོད་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུའི་རེ་བ་ཡོད། ང་ཚོས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་པར་བསྐྲུན་ཏེ་ཀྲུང་དབྱང་ཁེ་ལས་བོད་དུ་འཕེལ་རྒྱས་ཡོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ནས་ཕན་ཚུན་སྐུལ་འདེད་དང་གཉིས་ཁེ་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཀྲང་ཡུས་ཀྲུའོ་ཡིས། བོད་ཀྱིས་དུས་ཡུན་རིང་པོའི་ནང་གཞུང་རྒྱུའི་ཀྲུང་དབྱང་ཁེ་ལས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་ཤིང་། ཁོང་གིས་གཞུང་རྒྱུའི་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཡག་པོ་ཁུར་ཏེ་མ་དངུལ་དང་། ལག་རྩལ། དོ་དམ་སོགས་ཐད་ཀྱི་གཞུང་རྒྱུའི་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་གྱི་ཡིན་ཞེས་གསུངས་པ་རེད།
(རིག་རྡོར་གྱིས་བསྒྱུར། ཚེ་ལྷ་དང་རིག་རྡོར་གྱིས་ཞུས)