འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོའི་བྱེད་སྒོ་ཐེངས་སོ་ལྔ་པ་དང་། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར(2025)གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་འཚོགས་པ་རེད།
བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭའི་སློབ་མས་འཁྲབ་པའི་འགོ་འཛུགས་ཞབས་བྲོ《རྔ་རྡུང་གསར་སྐྱེས》ཀྱི་ཁྲོད་འགོ་ཚུགས་ཤིང་། དེ་རྗེས་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་གྲུབ་འབྲས་བསྟན་པར་དམིགས་ནས་འགྲན་བསྡུར་པར་གཞི་སྟོན་པ་བརྒྱུད་བདམས་ཐོན་པ་ཚོའི་འབད་འཐབ་དང་བྱང་ཆུབ་པའི་རྩལ་ནུས་སླར་ཡང་མངོན་པར་བྱས་ཡོད། བྱ་དགའ་སྤྲོད་རིང་ཕུལ་བྱུང་བྱ་དགའ་དང་། བྱ་དགའ་རིམ་པ་གསུམ་པ། བྱ་དགའ་རིམ་པ་གཉིས་པ། བྱ་དགའ་རིམ་པ་དང་པོ་བཅས་དང་དེ་བཞིན་ཕུལ་བྱུང་མཉམ་སྡེབ་བྱ་དགའ་བཅས་ཐོབ་མཁན་ཚོས་གར་སྟེགས་ཐོག་རིམ་གྱིས་བྱ་དགའ་ལེན་པར་ཡོང་ཞིང་བྱ་དགའ་སྤྲོད་ཡུལ་དུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉིན་མོའི་བྱེད་སྒོའི་ནང་སྲིད་ཇུས་སྒྲོག་འགྲེལ་ས་ཚིགས་དང་དེ་བཞིན་ལག་ཤེས་བཟོ་ལས་དང་། རྩལ་ནུས་རིགས། ཞབས་ཞུའི་རིགས་སོགས་འགྲེམས་ཞུགས་ས་ཚིགས་23བཀོད་སྒྲིག་བྱས་ཡོད་པས་དབང་པོ་སྐྱོན་ཅན་ཚོས་རང་ཉིད་ཀྱི་འཇོན་ཐང་ངོམ་རྒྱུར་ལས་སྟེགས་མཁོ་འདོན་བྱས་པ་མ་ཟད། ད་དུང་སྤྱི་ཚོགས་ལས་རིགས་ཁག་གིས་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་ཤེས་རྟོགས་དང་དོ་ཁུར་བྱ་རྒྱུར་སྐུལ་འདེད་ཡང་བཏང་ཡོད་པ་རེད།