《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月16日

ཀུ་ཤུའི་མེ་ཏོག་རྣམ་པར་བཀྲ སྐྱེ་ཁམས་མཛེས་ལ་ཐོན་འབབ་བཟང་།

—— སྣང་རྫོང་གིས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་པ།

དཔྱིད་རླུང་དལ་གྱིས་ལྡང་ཞིང་གང་སར་སྔོ་ལྗང་གིས་བརྒྱན་ནས་ཡང་ལོ་གཅིག་གི་མེ་ཏོག་བཞད་པའི་དུས་སུ་སླེབས། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར། མུའུ་སྟོང་གི་འབྲས་ཤིང་ལ་མེ་ཏོག་རབ་ཏུ་བཞད་ཅིང་མཛེས་པའི་ཀུ་ཤུའི་མེ་ཏོག་གིས་འབྲས་ཤིང་ལྡུམ་ར་ཡོངས་སུ་བརྒྱན།

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་དང་བསྟུན་ནས་གསར་འགོད་པ་དང་བཅས་པ་དུང་དཀར་གྲོང་རྡལ་པ་ཅི་ཐང་དུ་གནས་པའི་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུཌ་རྟེན་གཞིར་འབྱོར་སྐབས། སྣང་རྫོང་ཏ་ཧྲན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ལག་རྩལ་འགན་འཁུར་བ་ཝང་ཅིན་ཆང་གིས་ལས་མིའི་སྣེ་ཁྲིད་དེ་འབྲས་ཤིང་ལྡུམ་རའི་ནང་དཔྱིད་དུས་ཀྱི་གཡོག་བྱེད་ལ་བྲེལ་བཞིན་པ་མཐོང་བྱུང་།

མིག་སྔར་ཀུང་སི་དེར་བསྡོམས་ལས་མི་30ལྷག་ཙམ་ཡོད་པ་དང་། ཁོང་ཚོ་ཚོགས་ཆུང་གཉིས་སུ་བགོས་ནས་པ་ཅི་ཐང་དང་ཀྲུང་ཝུན་རྟེན་གཞི་གཉིས་སུ་དུས་གཅིག་ཏུ་ལས་ཀ་བྱེད་ཀྱི་ཡོད། ཟླ་4པའི་ཟླ་མཇུག་ཏུ་འབྲས་ཤིང་ཡོངས་ཀྱི་མེ་ཏོག་སྲབ་གཏོང་གི་ལས་ཀ་ལེགས་གྲུབ་ཟིན་ཡོད།

སྣང་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་གཙོ་བོའི་ངོས་ནས་ཀུ་ཤུ་འདེབས་འཛུགས་བྱས་པ་ལས་རི་རྒོད་སྔོ་འགྱུར་གྱི་སྐྱེ་ཁམས་ཕན་འབྲས་ཐོན་པ་མ་ཟད། དེ་བས་མང་ཚོགས་ལས་ཞུགས་ཐུབ་པ་དང་། འབབ་འཕར་ཡོང་བ། ལག་རྩལ་སྦྱོང་བ་བཅས་ཀྱི་བརྟེན་ས་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཝང་ཅིན་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སིའི་འདེབས་འཛུགས་རྟེན་གཞིས་ལོ་ལྟར་ངལ་རྩོལ་ནུས་ཤུགས་30ལྷག་ཙམ་བསྡུ་ཡི་ཡོད་པ་དང་ཞིང་ལས་བྲེལ་བའི་སྐབས་སུ་ཡང་ལས་ཀ་བྱེད་མཁན་བརྒྱ་ལྷག་ཙམ་ཟིན་གྱི་ཡོད་པས་ས་གནས་དེ་གའི་མང་ཚོགས་མང་པོ་ཞིག་ཀུ་ཤུའི་ཐོན་ལས་བརྒྱུད་ལས་ཞུགས་ཐུབ་པ་མ་ཟད། འབབ་འཕར་ཡང་བྱུང་ཡོད།

པ་ཅི་ཐང་རྟེན་གཞིའི་སྐྱེ་འཚར་ཡག་པའི་ཀུ་ཤུ་ནི་སྣང་རྫོང་གིས་འབྲས་ཤིང་ཐར་ཐོར་འདེབས་འཛུགས་བྱེད་པ་ནས་གཙང་པོའི་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་ཀུ་ཤུའི་ཐོན་ལས་ཁུལ་དུ་རིམ་སྤོར་བྱས་པའི་བསྡུས་རིས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། རྫོང་དེས་ཚན་རྩལ་ལ་བརྟེན་ནས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྔ་རྗེས་སུ་སྒོར་ཁྲི་8000ལྷག་ཙམ་བཏང་ནས་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྣམ་གྲངས་8ལག་བསྟར་བྱས་པར་སྤྱིའི་རྒྱ་ཁྱོན་མུའུ་1678.8ཟིན་པ་དང་། ཀུ་ཤུའི་ཐོན་ལས་དེ“སྒོ་རའི་དཔལ་འབྱོར”དང་། “ཐར་ཐོར་འདེབས་འཛུགས” “གཞི་ཁྱོན་ཆུང་ཆུང”བཅས་ནས་ཚད་གཞི་མཐོ་བའི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཕྱོགས་སུ་མཆོང་སྐྱོད་བྱེད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག རྟེན་གཞི་དང་། ཁེ་ལས། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ། སྣང་རྫོང་ཏ་ཧྲན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁྲོམ་རའི་བྱེད་པོ་མང་པོ་ནགས་ལས་དང་འབྲས་ཤིང་ལས་རིགས་འཕེལ་རྒྱས་གཏོང་བར་གདན་དྲངས་ནས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་མང་པོ་བསྐྲུན་ཡོད།

2024ལོར་སྣང་རྫོང་གི་ཀུ་ཤུའི་ཐོན་འབབ་ཏུན་2500དང་ཐོན་རྫས་རིན་ཐང་སྒོར་ཁྲི་1500ཙམ་ཟིན་ནས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་གྲོང་རྡལ་གསུམ་གྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2140འཕར་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་8.7%བཟུང་བར་སྐུལ་ཁྲིད་བྱས་པ་དང་། རྫོང་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་714འཕར་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་3%བཟུང་བར་སྐུལ་ཁྲིད་བྱས་ཡོད། ད་ལོར་སྔོན་དཔག་བྱས་ན་ཡོང་འབབ་སྔར་བས་འཕར་ནས་མང་ཚོགས་འབབ་འཕར་ཡོང་བར་རམ་འདེགས་བྱེད་པའི་ཐོན་ལས་གཙོ་བོའི་གྲས་སུ་འགྱུར་རྒྱུ་རེད།

མེ་ཏོག་རྣམ་པར་བཞད། འབྲས་བུའི་ཁུར་གྱིས་ལྗིད། སྣང་རྫོང་གི་ཀུ་ཤུའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། མུའུ་སྟོང་གི་ཀུ་ཤུའི་མེ་ཏོག་དཔྱིད་དཔལ་ཁྲོད་རྣམ་པར་བཞད་ཡོད་ལ། གྲོང་གསེབ་དར་རྒྱས་ཀྱི་མདུན་ལམ་ཡངས་པོ་དེ་བས་ཀྱང་མངོན་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)