《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

རིག་གནས་ཡུལ་སྐོར་ཟུང་དུ་སྡེབ། ཡིད་འོང་མཛེས་ལྗོངས་དཔེ་རིས་བཀོད།

—— གཞིས་རྩེ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

← འདི་ནི་ཡུལ་སྐོར་བས་ཇོ་མོ་གླང་མའི་བྱང་སྒོ་ཆེ་མོའི་མདུན་དུ་པར་རྒྱག་བཞིན་པ། → འདི་ནི་རྒྱལ་རྩེ་རྫོང་གི་ཕ་ལྷ་གཞིས་ཀའི་ཟུར་ཞིག་ཡིན་པ།

འདི་ནི་གྲུམ་པ་གཡུ་མཚོའི་མཛེས་ལྗོངས་ཁུལ་ཡིན་པ།

2024ལོར་གཞིས་རྩེ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མཚོན་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞིས་རྩེའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་དང་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཁྱད་ཆོས་མངོན་གསལ་དོད་ལ་གསོན་ཤུགས་ཀྱིས་ཁེངས་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རིམ་བཞིན་བཏོད་ཡོད།

2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1242.26ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་23.79%འཕར་བ་དང་། ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་70.71ཟིན་ནས་དུས་མཚུངས་ལས་21.92%འཕར་ཡོད་པ་རེད།

འཛམ་གླིང་གི་ཡུལ་སྐོར་དམིགས་ས་བཏོད་པ།

ཉེ་བའི་ལོ་ཤས་རིང་། དིང་རི་རྫོང་གིས་ཡུལ་སྐོར་གྲགས་ཅན་རྫོང་དང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་དེ་ཡུལ་ཕྱོཌ་གཅིག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཡུལ་ཕྱོགས་གཅིག་གི་རིག་གནས་དར་རྒྱས་གཏོང་བ། ཡུལ་ཕྱོགས་གཅིག་གི་སྐྱེ་ཁམས་གསོ་འཁྱོངས་བྱེད་པ། ཡུལ་ཕྱོགས་གཅིག་གི་མི་སེར་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་བྱ་གཞག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ས་གནས་དེ་གའི་མང་ཚོགས་རྣམས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐུབ་པར་བྱས་ཡོད།

རྒྱལ་ལམ་219ཁང་དམར་རྫོང་གྲོང་ནས་བརྒྱུད་ཅིང་། ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་ལམ་རྒྱུད་གང་སར་ཁྱབ་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡངས་པོ་ཡོད། དེ་གའི་གཙང་འགྲམ་དུ་བསྐྲུན་པའི་གནས་རྙིང་ཤིས་ཐང་སྐྱེ་ཁམས་གླིང་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་གླང་མཐོང་གཞིས་ཀ ངོ་མཚར་ཆེ་བའི་མ་བུ་མཚོའི་རྗེས་ཤུལ། དེ་བཞིན་རི་མོ་ལྟར་མཛེས་པའི་གྲུམ་པ་གཡུ་མཚོའི་མཛེས་ལྗོངས་ཁུལ་བཅས་ལས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་རི་མོ་ཞིག་གྲུབ་ཡོད།

2024ལོར་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་གྲངས་38གསར་དུ་བསྐྲུན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་4.18བཏང་བ་རེད། མིག་སྔར་བཟོ་སྐྲུན་མྱུར་ཚད་ལྟར་མ་དངུལ་སྒོར་དུང་ཕྱུར་3.74བཏང་བ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་3.2ཟིན་ཡོད།

གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་པ་དང་ཡུལ་སྐོར་ཐོན་ཁུངས་སྤྱི་འབོར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ཡུལ་སྐོར་གྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་པ།

གཞིས་རྩེ་གྲོང་ཁྱེར་ནི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་ཟམ་སྣེའི་བཙན་རྫོང་ཞིག་ཡིན་པས། རྒྱལ་སྒྲོལ་མཐའ་མཚམས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་ནི་དེར་དམིགས་སུ་ལྡན་པའི་ཁྱད་ཆོས་ཤིག་རེད། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་G318དང་G219ཡི་ཡུལ་སྐོར་ལམ་ཐིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ཀྲུང་ནེའི་སྐྱིད་གྲོང་ནས་རི་ཟུར་བར་གྱི་རྒྱལ་སྒྲོལ་ཡུལ་སྐོར་མཉམ་ལས་ཁུལ་རེ་ཞུ་ཧུར་ཐག་བྱས་ཏེ། “རྒྱལ་སྒྲོལ་ཡུལ་སྐོར”དང“ཉིན་གཅིག་ཡུལ་སྐོར”གྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་པ་མ་ཟད། གཙང་གླས་གནམ་གྲུ་ཐེངས་གསུམ་གླས་ནས“ཧྲང་ཧའེ་དང་། གཞིས་རྩེ། ཀ་ཏ་མན་རྡུ”བཅས་ཀྱི་རྒྱལ་སྒྲོལ་ཡུལ་སྐོར་སྒྲིག་འཛུགས་བྱས་པ་རེད།

2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་དྲ་ཐོག་གྲགས་ཅན་གྲོང་ཁྱེར་གྱི་ཚ་རླབས་ལ་བརྟེན་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་སྐོར་དྲིལ་བསྒྲགས་དང་འོས་སྦྱོར་གཏིང་ཟབ་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལྗོངས་ཕྱི་ནང་དུ་གཞིས་རྩེའི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ཐེངས་17སྤེལ་བ་རེད།

2024ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་7ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.1བཏང་བ་རེད།

ཡུལ་སྐོར་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་བ།

2024ལོར་གྲོ་མོ་རྫོང་ལ་རང་སྐྱོང་ལྗོངས་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་དཔེ་སྟོན་རྫོང་ཞེས་པའི་མཚན་སྙན་སྤྲད་པ་་དང་། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ལ་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཞེས་པའི་མཚན་སྙན་སྤྲད་པ། དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་པ་གསུམ་གྲོང་ཚོ་དང་། དིང་རི་རྫོང་སྒང་དཀར་གྲོང་རྡལ་སྒང་དཀར་གྲོང་ཚོ། སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཅང་གྲོང་ཚོ་བཅས་ལ་རང་སྐྱོང་ལྗོངས་རིམ་པའི་མཐའ་མཚམས་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་ཚོ་ཞེས་པའི་མཚན་སྙན་སྤྲད་པ་རེད།

2024ལོར་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་དང་རྒྱལ་ནང་གི་ཡུལ་སྐོར་བའི་འགྲོ་སོང་གནས་ཚུལ་གྱི་དཔེ་འཐེན་བརྟག་དཔྱད་ལས་དོན་སྤེལ་ནས་གོ་ཆོད་ཀྱི་འདྲི་ཤོག་བརྟག་དཔྱད་རེའུ་མིག་2047བརྒྱངས་ཡོད། རོལ་རྩེད་གཉེར་སྐྱོང་དང་། གཉེར་སྐྱོང་རང་བཞིན་གྱི་འཁྲབ་སྟོན། དྲ་རྒྱའི་རིག་གནས་གཉེར་སྐྱོང་། འཁྲབ་སྟོན་བྱ་ཡུལ་གཉེར་སྐྱོང་ཚན་པ་སོགས་ལ་ཆོག་འཐུས་ལག་ཁྱེར་300ལྷག་ཙམ་ཞིབ་བཤེར་བྱས་ནས་སྤྲད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར(རིག་དངོས)ཁྲོམ་ར་དང་། སྤྲོ་སྐྱིད་གཏོང་ཡུལ། རོལ་རྩེད་བྱ་ཡུལ་བཅས་ཀྱི་གཉེར་སྐྱོང་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་སྣང་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 2024ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཁྲིམས་སྒྱུར་མི་སྣ་མི་ཐེངས་1300ལྷག་ཙམ་མངགས་ནས་རིག་གནས་ཡུལ་སྐོར་གཉེར་སྐྱོང་བྱ་ཡུལ་800ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་268ལ་ཞིབ་བཤེར་བྱས་པ་རེད།

གཞན་ཡང་གཞིས་རྩེ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་ལས་སྒོར་དམ་འཛིན་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས“ཇོ་མོ་གླང་མའི་སྣེ་ཁྲིད”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཕྱོགས་སྟོན་དུ་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི“དཔེ་བཟང་གདོང་ལེན”གྱི་བྱ་སྤྱོད་གཞི་འཛིན་སར་བྱས་ཏེ“གདོང་ལེན་གྱི་བྱ་སྤྱོད་ཆེན་པོ་དྲུག”ལག་བསྟར་ཤུགས་ཆེན་བྱེད་པ་དང་། “ཕོད་པ་བཞིའི”སྙིང་སྟོབས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཏང་འཛུགས་སྐྱོང་གི་མཐུན་རྐྱེན་སྦྱོར་ནུས་ཆེ་རུ་གཏོང་བ་་བཅས་བྱས་ནས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཏང་འཛུགས་སྐྱོང་གི་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོ་ཐེངས་4སྤེལ་བ། ཁྲོམ་གཞུང་དང་སྡེ་ཁུལ་གྱི“ཏང་འཛུགས་སྐྱོང་ཆེན་པོའི”མཉམ་འབྲེལ་ཚོགས་འདུ་ཐེངས་5ལ་ཞུགས་པ། ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཚོགས་འདུ་ཐེངས་3འཚོགས་པ། ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཐེངས་22བྱས་པ། ཀྲི་པུའི་སློབ་སྦྱོང་ཚོགས་འདུ་ཐེངས་50ལྷག་ཙམ་བྱས་པ་བཅས་རེད།

(ལྷག་པ་ཚེ་རིང་དང་སྐལ་བཟང་མཆོག་སྐྱིད་ཀྱིས་སྒྱུར་ཞུས་བྱས)

↑ འདི་ནི་ཡུལ་སྐོར་བས་རྒྱལ་ལམ་219ཡི་སྤྱི་ལེ་5000གི་པར་རྒྱག་ས་ཚིགས་སུ་པར་རྒྱག་བཞིན་པ།