《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

《མི་ཡུལ་གྱི་དག་པའི་ཞིང་ཁམས》ཞེས་པའི་བོད་འགྱུར་གྱི་ ཁྱད་ཆོས་རོབ་ཙམ་བརྗོད་པ།

དང་པོ། མ་རྩོམ་དང་རྩོམ་པ་པོ་སོགས་ཀྱི་སྐོར།

འཛམ་གླིང་གི་གསུང་རྩོམ་གྲགས་ཅན《མི་ཡུལ་གྱི་དག་པའི་ཞིང་ཁམས》(消失的地平线 Lost Horizon)ཞེས་པ་འདི་ནི་དབྱིན་ཇིའི་གྲགས་ཅན་རྩོམ་པ་པོ་ཀྲན་མུའུ་སི·ཞིར་ཏུན(詹姆斯·希尔顿James Hilton)ལགས་ཀྱིས་གསར་རྩོམ་མཛད་པའི་བརྩམས་སྒྲུང་རིང་མོ་ཞིག་ཡིན་ཞིང་། བརྩམས་སྒྲུང་རིང་གྲས་འདིའི་ནང་དུ་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པར་ཁང་ཝེ་སོགས་ནུབ་ཕྱོགས་ཀྱི་འགྲུལ་པ་བཞི་བློ་ཡུལ་ལས་འདས་པའི་ངང་ནས་མུ་འབྲེལ་རི་ཚོགས་ཀྱིས་བསྐོར་བའི་དག་པའི་ཞིང་ཁམས་ཤིག་ཏུ་སླེབས་ནས་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་སྣ་ཚོགས་བྱུང་ཚུལ་གྱི་སྐོར་བརྗོད་ཡོད།

འབྲེལ་ཡོད་ཀྱི་དཔྱད་གཞི་ལྟར་ན། བརྩམས་སྒྲུང་རིང་གྲས་འདི་ནི1933ལོའི་ཟླ4པར་དབྱིན་ཇིའི་ལུན་ཏུན་གྱི་མའེ་ཁོ་སྨི་ལུན་དཔེ་སྐྲུན་ཁང་གིས་ཐོག་མར་པར་དུ་བསྐྲུན་པའི་རྗེས་སུ། ཡོ་རོབ་གླིང་སོགས་སུ་སྙན་གྲགས་རྒྱས་པར་མ་ཟད། དབྱིན་ཇིའི་ཧུའོ་སང་ཏེང་རྩོམ་རིག་བྱ་དགའ(霍桑登文学奖)ཐོབ་པ་དང་། དེ་ནས་ཡུན་རིང་མ་འགོར་བར། ཧའོ་ལའེ་ཝུའུ་གློག་བརྙན་ཀུང་སིས་བརྩམས་སྒྲུང་རིང་གྲས་འདི་གློག་བརྙན་དུ་བཟོས་པས་འཛམ་གླིང་གི་ཡུལ་ཕྱོགས་ཀུན་དུ་གྲགས་པར་བརྗོད། 《མི་ཡུལ་གྱི་དག་པའི་ཞིང་ཁམས》ཞེས་པའི་བརྩམས་སྒྲུང་རིང་གྲས་འདི་ནི་ལོ་ཙཱ་བ་གཏེར་མ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་བ་དང་། ཁོང་གིས་ད་དུང་འཛམ་གླིང་གི་གསུང་རྩོམ་གྲགས་ཅན《ངར་ལྕགས་ལྟ་བུའི་མི་དེ་ཇི་ལྟར་བྱས་ནས་བྱུང་བ་ཡིན》(钢铁是怎样炼成的)ཞེས་པའང་བོད་ཡིག་ཏུ་བསྒྱུར་འདུག་པ་མ་ཟད། 《བདེ་ཆེན་བོད་རིགས་ཀྱི་གཏམ་རྒྱུད》དང་། 《གནས་མཆོག་ཁ་བ་དཀར་པོ》ཞེས་པ་སོགས་ཀྱི་བསྒྱུར་རྩོམ་ཡང་མང་པོ་ཞིག་ཡོད་པ་དང་། ལོ་ཙཱ་བ་ཁོང་གིས་འཛམ་གླིང་གི་གསུང་རྩོམ་གྲགས་ཅན་འདི་དག་རང་རེའི་སྐད་ཀྱི་ཐོག་ནས་དཔེ་ཀློག་མྱོང་རོལ་བྱེད་པར་མཐུན་རྐྱེན་སྦྱར་བ་ལ་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག འཛམ་གླིང་གི་གསུང་རྩོམ་གྲགས་ཅན་འདིའི་བོད་འགྱུར་གྱི་ཁྱད་ཆོས་རོབ་ཙམ་བརྗོད་པ་ཡིན།

གཉིས་པ། བོད་འགྱུར་གྱི་ཁྱད་ཆོས་སྐོར་རོབ་ཙམ་བརྗོད་པ།

རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན་ལས། “སྤྱིར་རྩོམ་རིག་ནི་སྒྱུ་རྩལ་གྱི་བདེན་པ་ལ་བརྟེན་ནས་འཚོ་བའི་བདེན་པའམ་མིའི་རིགས་ཀྱི་འཚོ་བ་དངོས་མཚོན་པར་བྱེད་པ་ཡིན། མི་རིགས་སོ་སོར་རང་ཉིད་ཀྱི་འཚོ་བ་དངོས་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ངེས་ཅན་ཞིག་ཡོད་པ་དང་། མི་རིགས་སོ་སོའི་རྩོམ་རིག་གི་ནང་དུ་རང་མི་རིགས་ཀྱི་རིག་གནས་དང་འཚོ་བ་དངོས་མཚོན་ཡོད་པ་མ་ཟད། ད་དུང་རྩོམ་པ་པོའི་བསམ་བློ་དང་འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཀྱང་འདུས་ཡོད་པ་རེད”ཅེས་པ་ལྟར། བརྩམས་སྒྲུང་སོགས་སྒྱུ་རྩལ་རྩོམ་རིག་ཡིག་སྒྱུར་བྱེད་པའི་སྐབས་སུ། བརྩམས་ཆོས་ཀྱི་བརྗོད་སྙིང་དང་། བརྩམས་སྒྲུང་གི་སྐད་ཆའི་ཁྱད་ཆོས་དང་སྒྱུ་རྩལ། བརྩམས་སྒྲུང་ནང་གི་ཞིབ་འབྲི་བྱེད་སྟངས་སོགས་རྟོགས་ཤིང་། ནང་དོན་དབྱེ་ཞིབ་དང་སྒྱུ་རྩལ་དབྱེ་ཞིབ་ཟུང་སྦྲེལ་བྱེད་དགོས་པ་ཡིན།

ཡང་གྲགས་ཅན་རྩོམ་པ་པོ་མའོ་ཏུན་གྱིས་ཀྱང“རྩོམ་རིག་ཡིག་སྒྱུར་ནི་སྐད་ཡིག་གཞན་ཞིག་བེད་སྤྱོད་བྱས་ནས་མ་རྩོམ་གྱི་སྒྱུ་རྩལ་གྱི་རྣམ་པ་མཚོན་པར་བྱེད་པ་དང་། ཀློག་པ་པོས་འགྱུར་ཡིག་ཀློག་པའི་སྐབས་སུ་ཡང་མ་རྩོམ་ཀློག་པ་ལྟ་བུའི་བློ་སྐྱེད་དང་། ཡིད་འགུགས་ཐུབ་པ། སྒྱུ་རྩལ་གྱི་མཛེས་པ་མྱོང་དུ་འཇུག་ཐུབ་པ་བཅས་ཡིན་དགོས”ཞེས་གསུངས་ཡོད་ལ། བོད་འགྱུར་འདིའི་ལོ་ཙཱ་བས་ཀྱང་འཛམ་གླིང་གི་གསུང་རྩོམ་གྲགས་ཅན《མི་ཡུལ་གྱི་དག་པའི་ཞིང་ཁམས》ཞེས་པའི་བརྩམས་ཆོས་ཀྱི་བརྗོད་སྙིང་དང་། སྒྱུ་རྩལ་གྱི་མཛེས་པ། རྩོམ་པ་པོའི་བསམ་བློ་དང་འཇིག་རྟེན་ལྟ་ཚུལ་སོགས་ལ་གོ་བ་ཡང་དག་བླངས་ཏེ། སྤྱིའི་ཆ་ནས་བོད་ཡིག་གི་ལུགས་དང་མཐུན་པར་བསྒྱུར་ཡོད་པས། རྗོད་བྱེད་ཚིག་གི་ཆ་ནས་ཕུན་སུམ་ཚོགས་ཤིང་གོ་སླ་བ་དང་། ཚིག་སྦྱོར་སྙན་པ། ཚིག་རྒྱན་གྱི་ཉམས་ཐོན་པ་དཔེར་ན།

“傍晚将近,机场的弧光灯打开,一时间光彩辉煌,颇有一种戏剧效果。”(吴夏汀 朱红杰 译)

“接近黄昏时分,弧光照明灯亮起,机场呈现出一片明亮、耀眼的景象,仿佛置身于一座富丽堂皇的剧院。”(陈荣胜 译)

བོད་འགྱུར་དུ། “དགོང་མོར་གནམ་ནས་གུར་ནག་ཕུབ་པའི་སྐབས་སུ་གནམ་གྲུ་ཐང་གི་གློག་བཞུ་ཡོད་དོ་ཅོག་དུས་གཅིག་ལ་རྣམ་པར་བཀྲ་བས་གནམ་ལ་སྐར་ཚོགས་ཤར་བ་ལྟར་ཀུན་ཏུ་གསལ་ལྷམ་མེར་གྱུར་ཅིང་གནམ་གྲུ་ཐང་ནི་བརྗིད་ཉམས་མཛེས་སྡུག་དང་ལྡན་པའི་ཟློས་གར་ཁང་ལྟ་བུར་སྣང”ཞེས་བསྒྱུར་ཡོད་པ་ལྟ་བུ།

དེ་མིན་བོད་འགྱུར་དུ་རང་རེའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་དང་ཁ་དཔེ་སོགས་མང་པོ་ཞིག་སྦྱར་ཡོད་པ་དང་། “མི་རིགས་སོ་སོའི་ངག་རྒྱུན་དུ་དར་བའི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གཏམ་དཔེ་ལ་མཚོན་ན། བརྗོད་བྱའི་ནང་དོན་གནད་དུ་ཁེལ་བར་སྟོན་པའི་བྱེད་ཐབས་ཧ་ཅང་བྲིན་པ་ཞིག་ཡིན་པ་མ་ཟད། སྐད་ཆའི་ནུས་ཤུགས་ཀྱི་ཟུར་བརྒྱན་པར་བྱེད་ཐུབ་པའི་ཚིག་རྒྱན་གྱི་རིགས་ཀྱང་ཡིན་པས། རྒྱ་བོད་ཡིག་སྒྱུར་དུ་འོས་མཚམས་ཀྱིས་གཏམ་དཔེ་བཀོལ་སྤྱོད་དང་ཡིག་སྒྱུར་བྱེད་པ་ནི་འགྱུར་མའི་སྤུས་ཚད་མཐོར་འདེགས་བྱ་བའི་རྒྱུད་ལམ་ཞིག་ཡིན་པར་སྙམ་མོ”ཞེས་པ་ལྟར། བོད་འགྱུར་དུ་བཀོལ་བའི་གཏམ་དཔེ་དང་ཁ་དཔེ་ལས་མི་རིགས་རང་གི་ཁྱད་ཆོས་འབུར་དུ་ཐོན་པ་མ་ཟད། བརྗོད་དོན་གསལ་ཞིང་གོ་སླ་བ་དང་། ཀློག་མཁན་གྱི་ཡིད་ལ་བབས་པ་སོགས་ཀྱི་ནུས་པ་ཐོན་པར་འདོད་ལ། དཔེར་ན།

“怀兰身上曾经那种隐隐的自命不凡经过这些年并未消失;……”(吴夏汀 朱红杰 译)

“……卫南德·特提斯早年那些自负并没有随岁月的流逝而减弱,……”(陈荣胜 译)

བོད་འགྱུར་དུ། “རྩུབ་པོ་ཤིང་ལ་མི་འགྲོ། འཇམ་པོ་བལ་ལ་མི་འགྲོ་ཟེར་བའི་དཔེ་ལྟར་འོད་ལེན་·ཐེ་ཐིར་སིས་བྱ་བ་རྩག་རྩིག་སྒྲུབ་པར་བློ་ཚིམ་ཡིད་སྤྲོ་བྱེད་པའི་གཤིས་ཀ་དེ་བགྲང་བྱ་མང་པོ་འདས་ཀྱང་འགྱུར་བ་བྱས་མི་འདུག”ཅེས་བསྒྱུར་ཡོད་པ་ལྟ་བུའོ།

གསུམ་པ། བོད་འགྱུར་གྱི་ཐ་སྙད་སྒྲ་སྒྱུར་སྐོར་རོབ་ཙམ་བརྗོད་པ།

སྒྲ་སྒྱུར་གྱི་སྐོར་གཞུང་ལས་མིང་གཅིག་དོན་མང་ལ་འཇུག་པ་རྣམས་ཐ་སྙད་གཅིག་གི་ནང་དུ་བརྗོད་བྱའི་དོན་ཐམས་ཅད་འདུ་བར་བྱེད་དཀའ་བའི་རིགས་དོན་གཅིག་ཁོ་ནའི་ཆེད་དུ་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་འཇོག་པ་དང་གཅིག རྒྱ་གར་གྱི་ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པ་བོད་ལ་མེད་པ་རྣམས་ཀྱི་མིང་གི་སྔ་མར་ཡུལ་དང་མེ་ཏོག་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་རང་སོར་འཇོག་པ་དང་གཉིས། སྤྱིར་གསང་སྔགས་ཀྱི་གཞུང་ཕལ་ཆེ་བ་བོད་སྐད་དུ་བསྒྱུར་མི་ཐུབ་པ་མེད་ཀྱང་། གལ་ཏེ་དེ་དག་བོད་སྐད་དུ་བསྒྱུར་ཅིང་བསྟུན་ན་ཕྱིན་ཅི་ལོག་ཏུ་སྤྱོད་པའི་མིང་ཡང་འབྱུང་སྲིད་པས་མི་བསྒྱུར་བར་རང་སོར་འཇོག་པ་དང་གསུམ། བྱཱ་ཀ་ར་ཎའི་སྒྲ་བཞིན་དུ་བསྒྱུར་བར་མི་རིགས་པའི་སྐོར་རྣམས་སྒྲ་བཙན་པའི་ཕྱིར་རང་སོར་འཇོག་པ་དང་བཞི་སོགས་བསྟན་ཡོད་པ་དང་། ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་མིའི་མིང་དང་ས་ཆའི་མིང་སོགས་སྒྲ་སྒྱུར་བྱེད་པའི་སྐབས་སུ། མ་ཡིག་གི་སྒྲ་ཇི་བཞིན་བསྒྱུར་དགོས་པ་དང་། རྒྱུན་འབྱམས་སུ་གྱུར་བའི་མིང་ལ་བཟོ་བཅོས་མི་བྱེད་པ་ནི་ཐུན་མོང་གི་ལྟ་བར་གྱུར་ཅིང་། སྒྲ་སྒྱུར་བྱེད་པའི་གོ་རིམ་ཁྲོད་དུ་མིང་བརྡ་རྙོག་རྫོབ་བཟོ་བ་སོགས་ཀྱི་སྐྱོན་ཆ་མེད་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྣང་། བོད་འགྱུར་འདིའི་ནང་གི་མིའི་མིང་དང་། ས་ཆའི་མིང་ཁ་ཤས་སྒྲ་སྒྱུར་བྱས་པ་བོད་ཡིག་གི་སྒྲ་སྦྱོར་ཚུལ་དང་མཐུན་པས། ཀློག་བདེ་བ་དང་ཡིད་ལ་འཇགས་ཐུབ་པ་ཞིག་ཡིན་པ་དཔེར་ན། (希尔顿Hilton)ཞེས་པ་དེ་བོད་འགྱུར་དུ་ཞིར་ཏུན་ཞེས་སྒྲ་གཟུགས་གང་སྡུད་ཀྱི་སྒོ་ནས་བསྒྱུར་ཡོད་པ་ནི་ཅུང་ལེགས་སྙམ་ལ། དེ་མིན(香格里拉Shangri-la )ལ་ཤམ་བྷ་ལ་དང་། (卡拉卡尔)ལ་ཁ་བ་དཀར་པོ། (蓝月谷)ལ་ཟླ་ཟེར་རོང་། (芒果Mango)ལ་ཨ་མྲ། (瑞士)ལ་སུའེ་ཙེར། (阿尔卑斯山)ལ་རི་བོ་ཨར་པི་སི་ཞེས་བསྒྱུར་འདུག

མདོར་ན། རྩོམ་རིག་ལོ་ཙཱའི་ཐབས་རྩལ་སྐོར་གྱི་བསམ་གཞིག་འགའ་ཞེས་པ་ལས། རྩོམ་ལུས་མི་འདྲ་བ་སོ་སོའི་གནས་སྐབས་དང་བསྟུན་ནས་གོ་བ་ལེན་སྟངས་ལ་དབྱེ་བ་ཕྲ་མོ་རེ་ཡོད་དེ། རྩོམ་རིག་བརྩམས་ཆོས་ལས་རྩོམ་ལུས་ཟེར་བ་དེ་བརྗོད་བྱའི་ཤོང་ཚད་དང་རྗོད་བྱེད་ནུས་པ་ལ་དམིགས་ནས། རྩོམ་གཤིས་ཀྱི་རྣམ་པའི་ཆགས་སྟངས་དང་། སྐད་བརྡའི་སྒྱུ་རྩལ་གྱི་ཁྱད་ཆོས། ཐུན་མིན་རིག་གནས་ཀྱི་ནང་དོན་སོགས་ཀྱི་དབང་གིས་ལྟོས་བཅོས་ཀྱིས་གྲུབ་པ་ཞིག་ཡིན། རྩོམ་ལུས་མི་འདྲ་བ་ལ་རང་རང་གི་སྒྱུ་རྩལ་རྩོམ་ལུས་ཀྱི་རྣམ་པ་དང་ཁྱད་ཆོས། སྐད་བརྡའི་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ཡོད་པས། དེ་དག་གི་ཁྱད་ཆོས་ཕན་ཚུན་མ་ནོར་བར་བསྒྱུར་ན་རྩོམ་ལུས་ཀྱི་ངོས་ནས་གང་བདེར་བསྒྱུར་བ་ཡིན་ཞེས་པ་ལྟར། ལོ་ཙཱ་བ་གཏེར་མ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་ཀྱང་བརྩམས་སྒྲུང་གི་རྣམ་པ་དང་ཁྱད་ཆོས། སྐད་བརྡའི་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ལ་དམིགས་ནས། འགྱུར་ཡིག་གི་ནང་དོན་གྱི་ཆ་ནས་མ་ཡིག་དང་ཇི་བཞིན་བསྟུན་པ་དང་། རྗོད་བྱེད་ཀྱི་ཐད་ནས་གཏམ་དཔེ་དང་། མངོན་བརྗོད། ཚིག་རྒྱན་སྣ་ཚོགས་སྤྱད་པས་སྙན་ཞིང་གསོན་ཉམས་ལྡན་པ་མ་ཟད། ཀློག་མཁན་གྱི་བརྩམས་ཆོས་རོལ་མྱོང་བྱེད་པའི་སེམས་ཁམས་དང་བསྟུན་ཡོད་པ། དེ་མིན་གོ་མི་བདེ་བའི་བརྗོད་བྱ་ལ་མཆན་འགྲེལ་བཀོད་ནས་རང་སྐད་ལ་གང་བདེར་བསྒྱུར་ཡོད་དོ། །

(ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས། སྨན་བླ་ཚེ་རིང)