《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་ཆུ་མཁོ་འདོན་དོ་དམ་ས་ཚིགས་དང་པོ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་ཆུ་མཁོ་འདོན་དོ་དམ་ས་ཚིགས་དང་པོ་དེ་མཚོ་སྣ་གྲོང་ཁྱེར་དུ་དངོས་སུ་བཙུགས་པ་ལས་ལྷོ་ཁ་གྲོང་ཁྱེར་འདི་ཉིད་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི“ཆེད་ལས་ཅན་གྱི་དོ་དམ་དང་། ཚད་ལྡན་ཅན་གྱི་ཞབས་ཞུ། ཕུགས་ཕན་ཅན་གྱི་འགན་ལེན”བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་དོན་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་དང་། གཅིག་སྡུད་ཆུ་མཁོ་འདོན་གྱི་གཞི་ཁྱོན་ཅན་གྱི་ལས་གྲྭ ཆུ་མཁོ་འདོན་ས་ཚིགས་ཆུང་གྲས་འཛུགས་སྐྲུན་དང་སྒྱུར་བཀོད་ལས་གྲྭ དེ་བཞིན་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ས་ཚིགས་ཉམས་གསོ་བདག་སྐྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་577དང་ཞིང་འབྲོག་མང་ཚོགས་ཁྲི་24ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མཚོ་སྣ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་དོ་དམ་ས་ཚིགས་བཙུགས་པ་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་མ་ལག་ལེགས་སུ་གཏོང་བ་དང་དམངས་འཚོའི་ཆུ་སྤྱོད་བདེ་འཇགས་ལ་འགན་ལེན་བྱེད་པའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱེད་པ་ཞིག་དང་གཞི་རིམ་གྱི་ཆུ་དོན་ཞབས་ཞུ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་ལག་ལེན་ཞིག་ཀྱང་ཡིན་ཞེས་བཤད་པ་རེད།