འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྷུན་གྲུབ་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ད་ལོ་ལྷུན་གྲུབ་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་ནས་དམངས་འཚོའི་བདེ་རྩར་གཞི་བཙུགས་ཏེ་ས་ཕག་ཁང་པར་སྒྱུར་བཀོད་ཀྱིས“བདེ་འཇགས་རྩ་བར་འཛིན་པ་དང་། སྤུས་ཚད་སྔོན་ལ་འཇོག་པ། མང་ཚོགས་བློ་ཡིད་ཚིམ་པ”བཅས་དམིགས་ཚད་དུ་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་བདེ་འཇགས་ཚད་གཞི་གཉིས་ལྡན་གྱི་ཨར་འདམ་ཁང་པར་སྒྱུར་བཀོད་རིམ་སྤོར་བྱས་ནས་ཞིང་འབྲོག་མང་ཚོགས་ལ“བློ་བདེའི་ཁང་པ་དང་སེམས་དྲོད་ཁང་པ”བསྐྲུན་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ས་ཕག་ཁང་པར་སྒྱུར་བཀོད་བྱེད་པ་དེ་ལོ་འཁོར་གྱི་དམངས་འཚོའི་བྱ་བ་དངོས་ཀྱི་གཙོ་གནད་རྣམ་གྲངས་སུ་བཅུག་སྟེ་ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་འཁུར་བའི་ཆེད་དོན་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དམིགས་ཚད་ལས་འགན་དང་། འགན་འཁྲི་ཁག་བགོས། དུས་ཚོད་མཚམས་ཚིགས་བཅས་ཁ་གསལ་བཟོས་ཡོད། “རྫོང—ཤང—གྲོང་ཚོ”བཅས་ཀྱི་རིམ་གསུམ་མཉམ་འགུལ་ལམ་སྲོལ་བཙུགས་ནས་དོགས་ཡོད་ཉེན་ཁང་ལ་འཕྲལ་དུ་ཕྱོགས་གསུམ་པའི་ཆེད་ལས་ཀྱི་བདེ་འཇགས་དཔྱད་འདོམས་བྱས་ཏེ་ཆ་རྐྱེན་དང་འཚམ་རིགས་ཉེན་ཡོད་ཁང་པ་སྒྱུར་བཀོད་དུ་བཅུག་ནས་སྒྱུར་བཀོད་བྱེད་དགོས་རིགས་ལ་སྒྱུར་བཀོད་བྱ་རྒྱུ་ཡིན་པ་རེད།
དམངས་འཚོར་རྒྱུན་མཐུད་འགན་སྲུང་དང་ལེགས་སུ་བཏང་ནས་ཉེན་ཡོད་ཁང་པ་སྒྱུར་བཀོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བདེ་རྩ་ནུས་ལྡན་ངང་ཆེ་རུ་གཏོང་ཆེད། “ནུས་པས་ལྕོགས་ཚོད་དང་གང་ཐུབ་ཅི་ཐུབ”ཀྱི་རྩ་དོན་ལ་གཞིགས་ནས་ལྷུན་གྲུབ་རྫོང་གིས་རྫོང་རིམ་པའི་ཆེད་དོན་མ་དངུལ་སྒོར་ཁྲི་762བསྡུ་སྒྲིལ་བྱས་ནས་སྒྱུར་བཀོད་ལས་གྲྭ་རྒྱུན་མཐུད་སྤེལ་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་གདན་དྲངས་ནས་སྤུས་ཚད་བདེ་འཇགས་ཀྱི་སྐོར་ཞིབ་ཐེངས་30ལྷག་ཙམ་བྱས་པ་དང་དག་ཐེར་གནད་དོན་8བཏོན་ནས་སྒྱུར་བཀོད་ལས་གྲྭ་ཡོམ་འགོག་གི་ཚད་གཞི་དང་མཐུན་པར་འགན་ལེན་བྱས་པ་དང་། ཞབས་ཞུའི་འགན་སྲུང་ལེགས་སུ་གཏོང་བ་དང་། “ཐོགས་མེད་བགྲོད་ལམ”གཏོད་པ། ཞིབ་མཆན་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས་འཛུགས་སྐྲུན་གྱི་དཀའ་གནད་10མཐུན་སྦྱོར་ཐག་གཅོད་བྱས་ཡོད་པ་རེད།
(བསྟན་བཟང་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)