《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

“བྱ་ཐབས་ཆེན་པོ་ལྔ”ཡག་པོ་སྤྱད་དེ་ས་མཐོའི་འཕེལ་རྒྱས་གསར་པར་རམ་འདེགས་བྱེད་པ།

—— ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ས་མཐོའི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ།

བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དངུལ་རྩའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་པའི་ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང(གཤམ་དུ“ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང”ཞེས་བསྡུ་རྒྱུ)གིས་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ཏེ་ས་ཁོངས་ཀྱི་ཁྱད་ཆོས་གཞིར་བཟུང་ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས“བྱ་ཐབས་ཆེན་པོ་ལྔ”ལ་དམིགས་ཏེ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། གནད་ལ་འཁེལ་པོས་ཞབས་འདེགས་ཞུ་བ། སྐྱེ་ཁམས་སྔོན་ལ་འཇོག་པ་བཅས་ལྟེ་བར་བྱས་ཏེ་ལྷ་ས་གྲོང་ཁྱེར་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།

2024ལོའི་ལོ་མཇུག་བར། དངུལ་ཁང་དེའི་དངོས་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་680ལྷག་ཙམ་ཟིན་པ་ལས་ཞིང་ལས་དང་འབྲེལ་བ་ཡོད་པའི་དངུལ་བུན་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་53ལྷག་ཙམ་ཟིན་པ་དང་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་367.84ཟིན་ཞིང་། དམིགས་ཚད་མང་པོ་བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་མདུན་གྲལ་དུ་བསླེབས་ནས་གངས་ལྗོངས་ས་མཐོར་དངུལ་རྩའི་སྒུལ་ནུས་ཆེན་པོ་བསྣན་ཡོད་པ་རེད།

ཚན་རྩལ་དངུལ་རྩས། གསར་དར་ཐོན་ལས་ལ་མཐུན་རྐྱེན་སྦྱར་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་བར་བྱས་པ།

ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ཚན་རྩལ་དངུལ་རྩ་ས་ཁོངས་ཀྱི་ཐོན་ལས་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པའི“འགག་རྩའི་སྒུལ་ཤུགས”སུ་བརྩིས་ནས་བོད་ཀྱི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་ནུས་རྒྱུ་གཙང་མའི་འཐབ་ཇུས་བཀོད་ཇུས་དང་གཏིང་ཟབ་འདྲེས་པར་བྱས་ཡོད།

ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཅང་སུའུ་ཚོང་ཚོགས་དང་། བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དོ་དམ་ཨུ་ལྷན། ལྷ་ས་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་བཅས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་དབར་གྱི་མ་དངུལ་བསྡུ་སྒྲིལ་གྲོས་མོལ་ཚོགས་འདུ་འཚོགས་ཏེ་དངུལ་རྩའི་ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་ཚན་རྩལ་གསར་གཏོད་ཁེ་ལས་ལ་དངུལ་རྩའི་ཞབས་འདེགས་ཀྱི་ཇུས་གཞི་ཆ་ཚང་པོ་བཟོས་པ་རེད། ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁེ་ལས་80དང་དེ་བཞིན་ཆེད་ཞིབ་ཁྱད་གསར་བཞི་ཅན་གྱི་ཁེ་ལས་སྟོབས་ཆེན་60%ལྷག་ཙམ་ལ་རྒྱབ་སྐྱོར་བྱས་པ་དང་། 2024ལོའི་ལོ་མཇུག་ཏུ་ཚན་རྩལ་གསར་གཏོད་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་114.74ཟིན་ནས་ལོ་འགོ་ལས་སྒོར་དུང་ཕྱུར་39.26མང་དུ་ཕྱིན་པ་དང་འཕར་ཚད་52.02%ཟིན་ཡོད་པ་རེད།

ལྗང་མདོག་དངུལ་རྩས།

སྐྱེ་ཁམས་ཀྱི་རྨང་གཞི་བསྲུངས་ནས་ཐཱན་ཉུང་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ།

བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཡིན་པས། ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས《ལྗང་མདོག་དངུལ་རྩའི་འཕེལ་རྒྱས་འཆར་འགོད(2024ལོ་ནས་2026ལོའི་བར)》བཟོས་ཏེ་ནུས་རྒྱུ་གཙང་མ་དང་། སྐྱེ་ཁམས་སྲུང་སྐྱོང་། ལྗང་མདོག་འགྲིམ་འགྲུལ་བཅས་ལ་གཙོ་གནད་རྒྱབ་སྐྱོར་བྱེད་ཀྱི་ཡོད། འདམ་གཞུང་གི་འོད་ཤུགས་དང་ཚ་ནུས་དང་དེ་བཞིན་སྙེ་མོའི་འོད་ཤུགས་སོགས་རྣམ་གྲངས་འབོར་ཆེན་ཞིག་ལ་རྒྱབ་སྐྱོར་བྱས་ནས་ལྗང་མདོག་ཡིད་རྟོན་དངུལ་བུན་གཏོང་ཚད་ཁོ་ན་སྒོར་དུང་ཕྱུར་6འཕར་ནས་ལྷག་གྲངས་སྒོར་དུང་ཕྱུར་109ཟིན་ཡོད། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་ཏེ་གནམ་མཚོ་སོགས་གཙོ་གནད་རྣམ་གྲངས་ལ་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་ཧུར་ཐག་བྱས་ནས“གསེར་སྙེ་པོ་ཏ་ལའི་ཡུལ་སྐོར་གྱི་མིང་འབྲེལ་བྱང་བུ”སོགས་ཀྱི་ཐོན་རྫས་བཏོན་པ་རེད།

སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་ལྗང་མདོག་མིག་དཔེའི་ལས་གཉེར་ཁང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ལྷ་ས་གྲོང་བྱང་ཉིང་ལག་དངུལ་ཁང་འདི་ཉིད་ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི“ཐཱན་མེད་ལྗང་མདོག་ལས་གཉེར་ཁང”དང་པོར་བསྐྲུན་པ་དང་། ལྷོ་རི་བྱང་རིའི“གསེར་སྙེ་སྐྱེ་ཁམས་ནགས་ཚལ”སྔོ་འགྱུར་ལས་གྲྭ་མུའུ་3419ལེགས་སྒྲུབ་བྱས་ཡོད་པ་རེད།

ཀུན་ཕན་དངུལ་རྩས།

གྲོང་གསེབ་དར་རྒྱས་གཏིང་ཟབ་ཏུ་བཏང་ནས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་པ་བཏགས་པ།

“ཞིང་གསུམ”གྱི་གཡུལ་ས་གཙོ་བོར་དམིགས་ཏེ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས“ཞིང་ཕན་eདངུལ་བུན”ལྟེ་བར་བྱས་ནས“ཐོན་ལས་དངུལ་བུན་+”དང་། “རིག་ལྡན་འབྲོག་ལས་དངུལ་བུན” “གྲོང་གསེབ་ཡུལ་སྐོར་དངུལ་བུན”སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་བཏོན་པ་དང་། 2024ལོར་རིམ་རྩིས་བརྒྱབ་ན་དུད་ཚང་ལ་དངུལ་བུན་སྒོར་དུང་ཕྱུར་17.57བཏང་ནས་ཞིང་འབྲོག་པ་དུད་ཚང་ཁྲི་4ལྷག་ཙམ་ལ་ཕན་པ་བཏགས་ཡོད། ཞིང་འབྲོག་ཁུལ་གྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ལ་དམིགས་ནས“བྱང་བུ་བཞིའི་ཡིད་རྟོན་འཕར་བའི་ཁག་ཐེག་དངུལ་བུན”དང“ཕྱུགས་རིགས་གསོན་པོ་གཏའ་འཇོག”གི་རྣམ་པ་གསར་གཏོད་བྱས་ཏེ་འབྲི་གཡག་དང་བོད་ཕག་སོགས་ཕྱུགས་རིགས་གསོན་པོ་གཏའ་འཇོག་ཁྱབ་ཁོངས་སུ་བཅུག་ནས་ཁག་ཐེག་གི་འཇུར་མིག་ནུས་ལྡན་ངང་བསལ་བ་རེད།

ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་མཐུན་སྦྱོར་ལས་དོན་ལམ་སྲོལ་དོན་འཁྱོལ་བྱས་ཏེ“ཁེ་ལས་སྟོང་དང་དུད་ཚང་ཁྲིར”བཅར་འདྲིར་སྐྱོད་པའི་བྱེད་སྒོ་ཆེན་པོ་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི“འཁོར་རྒྱུག་ལ་སྐུལ་འདེད་དང་། འཛད་སྤྱོད་རྒྱ་སྐྱེད། འགྲན་བསྡུར་དུས་ཚིགས”བཅས་ཀྱི་འཛད་སྤྱོད་འགྲན་བསྡུར་བྱེད་སྒོ་དང་དངུལ་ཁང་དང་། སྲིད་གཞུང་། ཁེ་ལས་བཅས་ཀྱི་འབྲེལ་སྦྱོར་ཚོགས་འདུར་ཞུགས་ནས་ཞིང་ལས་དངུལ་ཁང་གི་དངུལ་རྩའི་ཐོན་རྫས་ཁྱབ་གདལ་དྲིལ་བསྒྲགས་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱས་ཡོད།

རྒན་གསོའི་དངུལ་རྩས།

རྒན་རྒོན་ལ་འཚམ་པའི་ཞབས་འདེགས་ལེགས་སུ་བཏང་སྟེ“དབུ་དཀར་བའི”བདེ་རྩ་བསྲུངས་པ།

རྒན་རྒོན་མང་བའི་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས“3+2”རྒན་གསོའི་དངུལ་རྩའི་ཞབས་ཞུའི་མ་ལག་བཙུགས་པ་དེའི་གྲས་སུ་རྒན་གསོའི་དངུལ་རྩ་དང་། རྒན་གསོའི་ཞབས་ཞུའི་དངུལ་རྩ། རྒན་གསོའི་ཐོན་ལས་དངུལ་རྩ། དེ་བཞིན་ཚན་རྩལ་གྱི་འདེགས་སྐྱོར་དང་འཛད་སྤྱོད་པར་སྲུང་སྐྱོང་བཅས་ཚུད་ཡོད་པ་རེད། 2023ལོའི་ཚུན་དུ“ཞིང་ལས་དངུལ་ཁང་གི་དྲོ་སྐྱིད་ཁུལ”ཞེས་པའི་རྒན་རྒོན་ལ་འཚམ་པའི་ལས་གཉེར་ཁང་72བཙུགས་པར་གཅེས་སེམས་རྐུབ་སྟེགས་དང་། བོད་ཡིག་པར་གཞིའི་སྦར་མཐིལ་དངུལ་ཁང་། མཛུབ་རིས་ཀྱིས་མིང་རྟགས་འགོད་པ་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། རྒན་རྒོན་སྐུ་མགྲོན་ཚོར་སྒོ་རྩར་ཞབས་འདེགས་ཐེངས་200ལྷག་ཙམ་ཞུས་ནས་འགུལ་སྐྱོད་སྟབས་བདེ་མེད་པའི་ཚོགས་སྤྱིའི་དངུལ་རྩའི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད།

གྲངས་འཛིན་དངུལ་རྩས།

ཚན་རྩལ་ལ་བརྟེན་ནས་འཚོ་བར་སྟབས་བདེ་བསྐྲུན་པ།

ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་གཙོ་རྐང་དུ་བྱས་ཏེ“རིག་ལྡན་དངུལ་ཁང་+”སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་ཞིང་ལས་དངུལ་ཁང་གི“རིག་ལྡན་གླིང”གི་ཞབས་ཞུའི་ལས་སྟེགས་དང་པོ་བཏོན་པ་དང་། རིག་ལྡན་ཟ་ཁང་དང་རིག་ལྡན་སློབ་གྲྭ་སོགས་ཀྱི་རྣམ་གྲངས་50རྒྱ་བསྐྱེད་བཏང་བ། དྲ་ཐོག་གི་གཏོང་སྤྲོད་ཐབས་ལམ་ལ་བརྟེན་ཏེ་བརྩེ་སེམས་སོལ་རླངས་ཀྱི་དྲ་ཐོག་གཏོང་སྤྲོད་ལས་སྒོ་ཤར་གཏོང་བྱས་ནས་ལོ་ཧྲིལ་པོར་དྲ་ཐོག་ཏུ་ལས་སྒོ་གཉེར་ཚད་ཐེངས་ཁྲི་40.16ཟིན་པ་དང་དངུལ་གྲངས་སྒོར་ཁྲི་5578.12ཟིན་ཡོད།

གངས་ལྗོངས་ཀྱི་འབྲོག་ར་ནས་དེང་རབས་གླིང་བར་དང་སྐྱེ་ཁམས་སྲུང་སྐྱོང་ནས་ཚན་རྩལ་གསར་གཏོད་བར་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས“བྱ་ཐབས་ཆེན་པོ་ལྔ”དམ་འཛིན་བྱ་གཞིར་བྱས་ཏེ་དངུལ་རྩའི་ཕན་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཚང་མར་གནད་སྨིན་ཁྱབ་པར་བྱས་ཡོད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)