“མིག་སྔར། ཀུང་སིའི་འཕེལ་ཕྱོགས་ཧ་ཅང་བཟང་པོ་ཡོད། 2024ལོར་ལས་བཟོའི་བྱ་དགའི་དངུལ་ཁོ་ནར་སྒོར་ཁྲི་30སྤྲད་ཡོད”ཅེས་བོད་ལྗོངས་ནག་ཆུ་ཤིན་ཧྲེང་ཧྥེང་ཁེ་ལས་ཚད་ཡོད་ཀུང་སིའི་སྲིད་འཛིན་པུའི་ཅིང་ལི་ཚེ་རིང་མགོན་པོ་གཞོན་པས་གསར་འགོད་པར་བཤད།
ཀུང་སིའི་ད་ཡོད་སློབ་ཆེན་སློབ་མ་80ལྷག་ཙམ་གྱི་ཁྲོད་དུ་ཚེ་རིང་མགོན་པོ་གཞོན་པ་ནི་2022ལོའི་ལོ་མཇུག་ཏུ་ལས་ཀར་ཞུགས། ལོ་གཉིས་ཀྱི་དུས་ཚོད་ནང་ཁོང་གོ་གནས་ཐེངས་གསུམ་འཕར་བ་དང་ད་ལྟའི་གོ་གནས་ནི་ཀུང་སིའི་སྲིད་འཛིན་པུའི་ཅིང་ལི་ཡིན།
“ང་ཐོག་མར་ཀུང་སིར་སླེབས་སྐབས། རླངས་འཁོར་གྱི་མཇུག་རླངས་ཞིབ་དཔྱད་ཚད་ལེན་བྱེད་མཁན་ཞིག་ཡིན། མཇུག་རླངས་ཞིབ་དཔྱད་ཚད་ལེན་གྱི་ཆེད་ལས་རང་བཞིན་ཧ་ཅང་ཆེན་པོ་ཡོད། ཞིབ་དཔྱད་ཚད་ལེན་བྱེད་སྐབས་རླངས་འཁོར་ནི་ཐོག་མཐའ་བར་གསུམ་དུ་འཁོར་སྐྱོད་ཀྱི་རྣམ་པ་ཡིན་པས། ལུས་པོ་སྒུར་ནས་ཞིབ་དཔྱད་ཚད་ལེན་གྱི་དཔྱད་ཆས་སྤྱད་ནས་མཇུག་རླངས་ཀྱི་གར་ཚད་དང་འབུད་ཚད་འཇལ་དགོས”
རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཚེ་རིང་མགོན་པོ་གཞོན་པས་རང་འགུལ་ངང་ཀུང་སིས་ཕྱིར་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་པའི་གོ་སྐབས་བརྩོན་ལེན་བྱས་ནས། ལས་ཀའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། ཀུང་སིའི་འཕེལ་རྒྱས་ལའང་ཐབས་ཇུས་ཧུར་ཐག་བཏོན་ཡོད།
“2023ལོའི་ཟླ་6པར། ང་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་དུ་གོ་གནས་འཕར་བ་དང་། གཟའ་མཇུག་སླེབས་རིམ་བཞིན་ལྷ་སར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་ཕྱིན་པས། མི་ཤུགས་ཐོན་ཁུངས་དོ་དམ་དང་། ཁྲོམ་རའི་ཚོང་སྒྱུར། གཉེར་སྐྱོང་དོ་དམ་སོགས་ཐད་ཀྱི་ཤེས་བྱ་ཁོང་དུ་ཆུད་བྱུང་། ན་ནིང་ཀུང་སིས་ལས་རྗེས་དོ་དམ་བྱེད་ཐབས་བདེ་བླག་ངང་ལག་བསྟར་བྱས་པ་དེའི་ནང་ངས་བཏོན་པའི་ཞིབ་ཕྲའི་བྱེད་ཐབས་ཀྱི་ཆ་ཤས་མང་པོ་ཞིག་ནི་གསོ་སྦྱོང་བྱེད་རིང་སྦྱངས་པའི་ཉམས་མྱོང་དཔྱད་གཞིར་བཟུང་བ་ཡིན”རང་ཉིད་འཚར་ལོངས་བྱུང་བའི་སྐོར་གླེང་སྐབས། ཚེ་རིང་མགོན་པོ་གཞོན་པས། “ལས་ཀར་ཞུགས་པའི་ལོ་གཉིས་རིང་། ངར་འཚར་ལོངས་དང་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་། ད་ལྟ་ཟླ་རེར་གླ་ཆ་ཁྲི་1ལྷག་ཙམ་ལེན་རྒྱུ་ཡོད་ལ་ཉིན་ལྟར་གྱི་འཚོ་བ་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་འདུག”ཅེས་བཤད།
ཀུང་སིའི་ཏུང་ཧྲི་ཀྲང་ཚེ་རིང་མགོན་པོས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད། ཁོང་གིས། “ང་ཚོས་ཤེས་ལྡན་པར་རེ་འདོད་དང་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་ཀུང་སི་འཕེལ་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་ཀྱང་རྩི་གི་ཡོད། ང་ཚོས་ལས་མི་ཚང་མར་འཇོན་ཐང་ངོམ་སའི་གར་སྟེགས་བསྐྲུན་ནས་གསོ་སྦྱོང་སློབ་སྦྱོང་དང་དེ་བཞིན་གོ་གནས་འཕར་བའི་གོ་སྐབས་སྤྲོད་གང་ཐུབ་བྱེད་ཀྱི་ཡོད། ཚང་མའི་ཐུན་མོང་འབད་བརྩོན་འོག་2024ལོར་ཀུང་སིའི་འཕྲུལ་འཁོར་ཞིབ་དཔྱད་ཚད་ལེན་དང་རླངས་འཁོར་རྙིང་པ་ཉོ་ཚོང་གི་ལས་སྒོ་གཉིས་ཁོ་ནའི་ཚོང་གཉེར་ཡོང་འབབ་ལོ་གོང་མ་ལས་150%འཕར་ཡོད། འདི་ལོ་ང་ཚོས་ཚོང་གཉེར་ཡོང་འབབ་སྒོར་ཁྲི་2000ཟིན་རྒྱུའི་བརྩོན་ལེན་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་འགན་འཁྲི་སྔར་བས་ཡག་པོ་བསྒྲུབས་ནས་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
(བདེ་དབང་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)