《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月11日

དབྱར་གཞུང་དྲན་པ་།

སྨྱུག་ཞེན།

སྔོ་ལྗང་ཨ་ཆེན་ཐང་གི་སྤང་ཐང་ན། །

བསུང་ཞིམ་མེ་ཏོག་དྲི་བསུང་ཐུ་ལུ་ལུ། །

བྱ་དང་བྱེའུའི་སྐད་སྙན་དི་རི་རི། །

དབྱངས་ལྡན་གསེར་སྦྲང་གཞོན་ནུ་འཁོར་རོ་རོ། །

རྟ་བདུན་དབང་པོའི་འཛུམ་ཞལ་འོད་ཆེམ་ཆེམ། །

རྩྭ་དང་རྩི་ཤིང་དབུ་ལྕོག་སྔོ་ལྡེམ་ལྡེམ། །

གཡང་དཀར་ལུག་ཁྱུའི་འབའ་སྒྲ་སྙན་ལྷང་ལྷང་། །

ནོར་ནག་འབྲི་མོའི་ངུར་སྐད་གསལ་ལམ་ལམ། །

མཁའ་ནས་སྦྲང་ཆར་ཟིལ་མ་འཇོ་ལོ་ལོ། །

ས་ཆེན་སྣ་བརྒྱའི་མེ་ཏོག་འཁོར་རོ་རོ། །

དབྱིངས་སུ་སྤྲིན་པའི་ཚོམ་བུ་གྱ་མ་གྱུ། །

ནོར་འཛིན་མཛེས་པའི་རྒྱན་ཆ་ལང་མ་ལོང་། །

ཉིན་གསུམ་གསེར་གྱི་ཉི་གཞོན་འོད་ལམ་ལམ། །

མཚན་གསུམ་དངུལ་གྱི་ཟླ་ཟེར་དཀར་ཆེམ་ཆེམ། །

དཔྱིད་གསུམ་མངལ་ནས་སྦྲུམ་པའི་སྨན་ཆུང་ཆུང་། །

དབྱར་གསུམ་དྲོད་ཀྱི་ཁུད་ན་འཛུམ་དམུལ་དམུལ། །