འོད་འཛིན་མ།
གངས་འཁྱག་ཉི་མས་བཞུས་པའི་རི་ཚོགས་ཀྱི་ཉིན་སྲིབ། །
དབྱངས་དང་གླུ་ཡིས་བྲིས་པའི་དཔྱིད་དུས་ཀྱི་མེ་ཏོག །
དུས་ཀྱི་གདུང་བ་སངས་བའི་འཁོར་བ་ཡི་འཛུམ་མདངས། །
དྲན་པའི་གཏིང་དུ་ཟུག་པའི་སྔོན་ཐོན་གྱི་མགྲོན་ཡིན། །
ཉི་མའི་འོད་དང་ཟླ་བའི་ཟེར་མདངས་ལ་ཆགས་ཤིང་། །
སྤྲིན་གྱི་གདུགས་དང་འཇའ་ཡི་གུར་ཁང་ལ་ཞེན་པའི། །
དཔྱིད་གསར་མེ་ལོང་ནང་གི་མཛེེས་སྡུག་གི་ཞལ་ཅན། །
སེམས་ཀྱི་ཕྱི་ནང་གླན་ན་དགའ་བྲོད་ཀྱིས་ཁྱབ་ཡོང་། །
ཆུ་དང་ཆར་བས་རེག་པའི་དགུན་གཞུག་གི་པད་མ། །
ལས་དང་སྨོན་ལམ་གཙང་བའི་དཔྱིད་དུས་ཀྱི་གྲོགས་པོ། །
རེ་བ་གསར་པས་འཚོ་བ་གསར་པ་ཞིག་བསྐྲུན་ཏེ། །
ང་ཡི་གནམ་སའི་བར་ཏུ་གོམ་ཆེན་ཞིག་སྤོས་བྱུང་། །
མུ་མེད་ཕྱོཊ་མཐའ་བྲལ་བའི་རང་བྱུང་གི་ཁམས་འདིར། །
སྔར་མེད་གསར་དུ་འཁྲུངས་པའི་སྐྱེ་དངོས་ཀྱི་མ་མ། །
ཁུ་བྱུག་མགྲིན་སྙན་ཁྲུང་ཁྲུང་སྐེ་རིང་སོགས་བསླུས་ཏེ། །
ལོ་ཟླའི་དབུ་ཁྱུད་དང་པོ་ཁྱེད་རང་གིས་བྲིས་སོང་། །
དྭངས་གསལ་གཙང་བོའི་འགྲམ་གྱི་དཔྱིད་ཚལ་ལ་དུང་བའི། །
རྐང་དྲུག་གཤོག་པའི་རླབས་ཅན་མེ་ཏོག་ལ་འཁོར་ཏེ། །
ཟེ་བཅུད་འོ་མ་རྔུབ་བཞིན་འཕུར་ལྡིང་ལ་རྩེན་པ། །
ཁྱེད་ཀྱི་དྲིན་ལས་བྱུང་བའི་བདེ་སྐྱིད་ཀྱི་གར་སྟབས། །
ཧ་ཅང་འཇམ་ལ་ཤིན་ཏུ་བརྩེ་བ་ཡིས་བསྟུམས་ཤིང་། །
དྲི་བཞོན་རླུང་བུའི་ངད་པ་རྩིབ་ལོགས་ནས་འཇིབ་པའི། །
དཔྱིད་ཀྱི་མེ་ཏོག་གློ་དམར་དཔྱིད་ཀ་ལས་དཀོན་ཀྱང་། །
མཛེས་སྡུག་སྒྱུ་མའི་ཡུལ་ངོགས་ལྷ་ཡུལ་དང་འདྲེས་སོང་། །
དགུན་གྱི་གཤིས་དང་དགུན་གྱི་རྩུབ་རེག་ལ་མ་འཇིགས། །
ནམ་ཟླས་གཅོང་བའི་དུས་ཀྱི་ཁུག་སོ་ལ་དམིགས་ཏེ། །
ཡིད་འོང་འདབ་བརྒྱ་གྲོལ་བའི་དཔྱིད་བསུ་ཡི་ཕོ་ཉ། །
རེ་བའི་སྐྱ་རེངས་ཤར་བའི་མིག་དབང་གི་དགའ་སྟོན། །
སྨུག་པ་ལང་ལོང་འཁྱིལ་བའི་གངས་འདབས་ཀྱི་གཡང་ས། །
རྩྭ་ལྗང་ཟིལ་བ་ཁུར་བའི་ནོར་འཛིན་གྱི་སྤང་གཞོང་། །
ང་ཡི་སྙན་ངག་ནང་གི་དཔྱིད་གསར་གྱི་མགྲོན་པོས། །
སྐྱེ་འཆིའི་འཆར་ནུབ་བགྲང་སའི་རྨི་ལམ་གྱི་ཞིང་ཡིན། །