《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月11日

ལ་ཁའི་ཉི་མ་བཀྲག་མདངས་འཚེར།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒན་རྒོན་གྱི་བདེ་ཐང་འདེགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒན་རྒོན་སྤྱི་ཚོགས་ནང་ཞུགས་པར་སྐུལ་འདེད་གཏོང་བ། རྒན་རྒོན་གྱི་མཛའ་མཐུན་སྤྱི་ཚོགས་སྐྲུན་པ། དབུ་དཀར་དཔལ་འབྱོར་སྐྱེད་སྲིང་བྱེད་པ་སོགས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། རྒན་རྒོན་བྱ་གཞག་གི་སྒྱུར་བཅོས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

གསར་འགོད་པས་ཤེས་རྟོགས་བྱས་པར། རྒན་རྒོན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་གཏོང་ཆེད། ལྟ་རྟོག་ལྟེ་གནས་ཀྱིས་ཉིན་ལྟར་རྒན་རྒོན་ལ་ཁྲག་ཤེད་འཇལ་བ་དང་བོད་ཀྱི་གསོ་བ་རིག་པའི་ལུས་སྦྱོང་ལུས་རྩལ་སྒྲིག་འཛུགས་བྱེད་པ་ཕུད། ད་དུང་མཉམ་གཞས་དང་། ནང་མ་སྟོད་གཞས། ལག་ཤེས་བཟོ་རྩལ། བོད་སྐད་ཡིག་སློབ་ཁང་སོགས་སྣ་མང་ཅན་གྱི་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད།

བགྲེས་སོང་དངོས་གྲུབ་ཀྱིས“འདི་གར་ཉིན་ལྟར་ཧ་ཆང་འཁྲུག་པོ་ཡོད། ཁ་བརྡ་གློད་རོགས་བྱེད་མཁན་ཡོད་ལ། ད་དུང་བྱེད་སྒོ་སྣ་ཚོགས་ལ་ཡང་ཞུགས་ཆོག་པས། ཁྱིམ་དུ་བསྡད་པ་ལས་སྐྱིད་པ་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད། “ལྟ་རྟོག་ལྟེ་གནས་ཀྱི་ཁ་ལག་བྲོ་བ་ཞིམ་ལ། ང་ཚོར་ལྟ་རྟོག་ཀྱང་ཡག་པོ་བྱེད་ཀྱི་འདུག འདི་གར་ཉིན་ལྟར་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་བགྲེས་སོང་ཚེ་རིང་གིས་ཀྱང་མགོ་བོ་ལྕོག་ལྕོག་བྱས་ནས་བཤད།

བགྲེས་སོང་དངོས་གྲུབ་དང་ཚེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་རང་ལྗོངས་ཀྱིས་སྡེ་ཁུལ་གྱི་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་ནུས་པ་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། དེ་དག་རང་ལྗོངས་ཀྱིས་སྡེ་ཁུལ་གྱི་རྒན་རྒོན་ཉིན་མོའི་ལྟ་རྟོག་ཞབས་ཞུའི་སྲིད་ཇུས་ཁྱབ་གདལ་ཧུར་ཐག་བཏང་བའི་དབང་གིས་རྒན་རྒོན་གྱི་འཚོ་བ་སྔར་བས་སྐྱིད་དུ་སོང་ཡོད།

རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གཞི་རྩ་འགན་ལེན་དང་ཐ་སྐྱོང་ལ་དམིགས་ནས་དམིགས་བསལ་དཀའ་ངལ་ཡོད་པ་དང་། མ་མཐའི་འཚོ་བའི་འགན་ལེན། ལོ་ན་མཐོ་བ། ནུས་པ་ཤོར་བ་བཅས་ཀྱི་རྒན་རྒོན་ལ་གཞི་རྩའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་80བསྐྲུན་པར་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་5836གཅིག་སྡུད་བསྙེན་བཀུར་བྱས་པས། རྒན་གསོའི་ཞབས་ཞུའི་ཐ་སྐྱོང་འགན་སྲུང་ནུས་པ་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད། མ་དངུལ་སྒོར་དུང་ཕྱུར་4.95བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་57གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ཏེ་བྱེད་ནུས་སྒྲིག་བཀོད་ཁག་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་འགན་སྲུང་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད། རིམ་རྩིས་བརྒྱབ་ན་ཁྱོན་སྒོར་དུང་ཕྱུར་7.38བཏང་ནས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་65དང་གྲོང་གསེབ་བདེ་སྐྱིད་ཁང་116བསྐྲུན་པ་དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) རིམ་རྩིས་བརྒྱབ་ན་རྒན་རྒོན་མི་ཐེངས་ཁྲི་80ལྷག་ཙམ་ལ་བདེ་ཐང་མཛུབ་ཁྲིད་དང་། འཚོ་བར་ལྟ་རྟོག སེམས་གསོ་གཏོང་བ། རིག་གནས་རོལ་རྩོད། བདེ་ཐང་དྲག་སྐྱེད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་རྒན་གསོའི་ཞབས་འདེགས་ཞུ་ནུས་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

2024ལོར་རང་ལྗོངས་ལ་རྒྱལ་ཁབ་པུའུ་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་གྲོན་དངུལ་སྒོར་ཁྲི་338རག་པ་དང་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་བཟའ་བཏུང་ཞབས་འདེགས་ཞུ་ས་114བཙུགས་ཡོད་པ་དང་། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་མཐོ་བའི་རྒན་རྒོན་དང་ནུས་པ་ཤོར་བའི་རྒན་རྒོན་ལ་ཁ་གསབ་མ་དངུལ་སྒོར་ཁྲི་604.78སྤྲད་པར་མི་ཁྲི་1.3ལྷག་ཙམ་ལ་ཕན་པ་ཐོབ་ཡོད། 2024ལོར་སྒོར་ཁྲི་367བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་1051རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་བྱས་ཡོད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོ་ནས་བཟུང་རང་ལྗོངས་ཀྱིས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ལོ་ན་མཐོ་བ་དང་ནུས་པ་ཤོར་བ་སོགས་རྒན་རྒོན་གྱི་ཁ་གསབ་ཚད་གཞི་མི་རེར་ཟླ་རེའི་སྒོར་50ནས་སྒོར་60བར་མང་དུ་བཏང་བ་དང་། མཐའ་མཚམས་ས་ཁུལ་དུ་དེའི་རྨང་གཞིའི་ཐོག་10%སྤར་ནས་ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་ཁྲི་604སྤྲད་པར་རྒན་རྒོན་13147ལ་ཕན་པ་ཐོབ་ཡོད། 2024ལོར་ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་སླར་ཡང་སྒོར་200མང་དུ་བཏང་ནས་ལོ་80ནས་89བར་དང་། ལོ་90ནས་99བར། ལོ་བརྒྱ་ཡན་བཅས་ཀྱི་རྒན་རྒོན་གྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་1200དང་། སྒོར་1400 སྒོར་1700བཅས་སོ་སོར་ཟིན་ཡོད་པ་དང་མཐའ་མཚམས་ས་ཁུལ་དུ་དེའི་རྨང་གཞིའི་ཐོག་10%སྤར་ཡོད།