《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月11日

བོད་ཀྱིས་ཤེས་བྱའི་བདག་དབང་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་བརྒྱབ་པ།

ཚན་རྩལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱང་ཡུས་ཧང་།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཤེས་བྱའི་བདག་དབང་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་མཉམ་དུ་ཤུགས་བརྒྱབ་ཅིང་། 2024ལོར་བོད་ལ་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དབང་ཚད་དུས་མཚུངས་ལས་18.7%འཕར་བ་དང་ལག་རྩལ་གན་རྒྱའི་ཚོང་འགྲིག་པའི་དངུལ་འབོར་སྒོར་དུང་ཕྱུར་14.79ཟིན་པ། ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཚད་42%བར་མཐོ་རུ་ཕྱིན་ནས། ས་མཐོའི་འཕེལ་རྒྱས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད།

ཁེ་བེད་བདག་ཐོབ་གཞན་སྒྱུར་ལ་ཕན་འབྲས་ཐོན་པ།

གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དེང་རབས་འབྲོག་ལས་ཐོན་ལས་གླིང་དུ་འབྲོག་པ་ཚེ་རིང་དབང་འདུས་ཀྱིས་ལག་ཐོགས་ཁ་པར་ནས“གམ་པའི་ལུག་རིག་ལྡན་གསོ་ཚགས་མ་ལག”གི་སྐབས་ཐོག་གི་གྲངས་གཞིར་ལྟ་བཞིན་ཡོད། བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཁེ་བེད་བདག་ཐོབ་ལག་རྩལ་དེ་རྫོང་དེའི་གསོ་ཚགས་དུད་ཚང་85%ལ་ཁྱབ་ཡོད་པ་དང་། ལུག་རེར་ཁུངས་འདེད་རྩ་གཉིས་ཨང་རྟགས་རེ་བཟོས་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་8000འཕར་བར་སྐུལ་ཁྲིད་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉེ་ཏ་ཁེས་ངོ་སྤྲོད་བྱས་པར། 2024ལོར་ལྗོངས་ཡོངས་ཀྱིས་མཐོ་སློབ་ཀྱི་གསོག་ཐེབས་ཁེ་བེད་བདག་ཐོབ་400ལྷག་ཙམ་ཕན་སྒྱུར་བྱས་ནས་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་དཔེ་མཚོན་ཁེ་ལས་13སྐྱེད་སྲིང་བྱས་ཏེ་ཁེ་བེད་བདག་ཐོབ་ནང་བཤུག་གཏོང་ཆོག་པའི་ཉོ་ཚོང་ཐེངས་གྲངས་49.4%འཕར་ཡོད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དུ་བོད་ལྗོངས་གསེར་གཡག་སྐྱེ་དངོས་ཚན་རྩལ་ཀུང་སིས“འབྲི་གཡག་གི་རུས་པ་ནས་ཐིད་རྒྱུ་ལེན་པའི་ལག་རྩལ”གྱི་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་བསྒྱུར་ནས་ཟུར་སྣོན་རིན་ཐང་མཐོ་བའི་འཕྲོད་སྦྱོར་ཐོན་རྫས་གསར་སྤེལ་བྱས་པར་ལོ་རེའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1.2ལྷག་ཙམ་བྱུང་ཡོད། “ཁེ་བེད་བདག་ཐོབ་གཏའ་མར་བཞག་ནས་མ་དངུལ་བསྡུ་རུབ་བྱས་པ་དེས་ཞིབ་འཇུག་གསར་སྤེལ་མ་དངུལ་གྱི་དཀའ་གནད་བསལ་བ་དང་ལྟེ་བའི་ཁེ་བེད་བདག་ཐོབ་9ཚང་མ་ཐོན་ལས་ཅན་དུ་གྱུར་ཡོད”ཅེས་ཀུང་སིའི་འགན་འཁུར་བ་རྡོ་རྗེ་ཚེ་རིང་གིས་བཤད།

ས་ཁོངས་ཧྲིལ་པོའི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་དོན་དུ་གཉེར་བ།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི“ནས་ཀྱི་གཏོད་མཁན་བར་མཐོངས”སུ་སློབ་མའི་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི“ས་མཐོའི་རིག་ནུས་དྲོད་ཁང་ཚོད་འཛིན་མ་ལག”སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་གསེར་གྱི་བྱ་དགའི་རྣམ་གྲངས་དེས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་མཉམ་ལས་ཁང་དང་ལག་རྩལ་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད། སློབ་གླིང་དེའི་ཡོན་ཀྲང་གཞོན་པ་ཁྲེང་ཞའོ་དབྱིན་གྱིས་ངོ་སྤྲོད་བྱས་པར། སློབ་གླིང་གིས་ཐོན་སློབ་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བ་བརྒྱུད་ཉེ་བའི་ལོ་གསུམ་ནང་སློབ་མའི་ཤེས་བྱའི་བདག་དབང་གི་གྲུབ་འབྲས་ཁག་27སྐྱེད་སྲིང་བྱས་པ་དང་ལས་གཏོད་རྣམ་གྲངས་5ཁྲོམ་ར་ཅན་མངོན་འགྱུར་བྱུང་ཡོད། “ཞིང་ནང་དུ་སློབ་ཁྲིད་བྱས་ཚེ་གཞི་ནས་ལག་རྩལ་གྱིས་ཐོན་ལས་ལ་ཞབས་འདེགས་ཞུ་ཐུབ་ཀྱི་རེད”ཅེས་རྣམ་གྲངས་ཀྱི་ཚོགས་གཙོ་པད་མ་དབྱངས་ཅན་གྱིས་བཤད།

སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཚན་རྩལ་མཉམ་འདྲེས་བྱས་པ་དེས་ས་གནས་དེ་གའི་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོད་ཡོད། ལྷ་རྩེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དུ་སྒྲ་སྙན་བཟོ་མཁན་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེས་ལེགས་བཅོས་བྱས་རྗེས་ཀྱི་སྲོལ་རྒྱུན་རོལ་ཆ་སྟོན། “དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཁག་གསུམ་གྱི་ལོ་རེར་སྒྲ་སྙན་2000ལྷག་ཙམ་བྲིན་ནས་ཁྱིམ་ཚང་30ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད”དེང་རབས་སྒྲ་དབྱངས་རིག་པའི་ཇུས་འགོད་མཉམ་འདྲེས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་དེ་རྒྱལ་ཡོངས་ཀྱི་རིག་གནས་ཁང་200ལྷག་ཙམ་དུ་འགྲེམས་སྟོན་བྱས་པར་ལོ་རེའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་800ལྷག་ཙམ་ཟིན་ཡོད།

ས་བབ་སྨི་4500ཡོད་པའི་འབྲོག་ཁུལ་ནས་ལྷ་ས་མཐོ་གསར་ལག་རྩལ་ཁུལ་གྱི་ཚོད་ལྟ་ཁང་བར་དང་། ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་ནས་དེང་རབས་ཚན་རྩལ་གསར་གཏོད་གླིང་བར་བོད་ཀྱིས་ལྗོངས་ཡོངས་ལ་ཁྱབ་པའི་ཤེས་བྱའི་བདག་དབང་སྲུང་སྐྱོང་དྲ་བ་དང་གསར་གཏོད་སྐྱེ་ཁམས་འཁོར་འབྲེལ་བསྐྲུན་ཡོད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་མཱ་པིན་ཀང་གིས་གོམ་སྟབས་རྗེས་མར་བོད་ཀྱིས་ཚན་རྩལ་གྲུབ་འབྲས་ལ་དབང་ཆ་སྤྲོད་པའི་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་2025ལོར་ཚན་པ་3ནས་5བར་བདམས་ནས་ཚོད་ལྟ་བྱས་ཏེ“ས་མཐོའི་རིག་ལྡན”མུ་མཐུད་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྩིས་ཡོད་ཅེས་བཤད།

《ཚན་རྩལ་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས།

(པ་ཕན་གྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས )