《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月10日

ནག་ཆུ་གྲོང་ཁྱེར་གྱིས་འཁོར་འབྲེལ་གསུམ་མཐུན་སྦྱོར་གྱི་ལས་གྲྭ་ ལག་ལེན་བསྟར་ཏེ།

འབྲོག་ལས་ཀྱི“གྲུབ་ཆ་ལེགས་པ་དང་། བཤས་གཏོང་སྟབས་བདེ་བ། གཟན་ཆག་འབེལ་བ”བཅས་ཀྱི་རྣམ་པ་ཞིག་ཆགས་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས། “ཕྱུགས་ཁྱུའི་གྲུབ་ཆ་ལེགས་གཏོང་དང་། བཤས་གཏོང་ཚན་རིག་དང་མཐུན་པར་སྙོམས་སྒྲིག གཟན་ཆག་འགན་ལེན་ལ་ཤུགས་སྣོན”བཅས་ཀྱི་འཁོར་འབྲེལ་གསུམ་མཐུན་སྦྱོར་གྱི་ལས་གྲྭ་ལག་ལེན་བསྟར་ཏེ། 2024ལོར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1045བཏང་སྟེ། ཚོང་གཉེར་བྱེད་པོ་227དང་འབྲོག་དུད་ཁྲི་4.11ལ་ཕན་པ་ཐོབ་ནས“གྲུབ་ཆ་ལེགས་པ་དང་། བཤས་གཏོང་སྟབས་བདེ་བ། གཟན་ཆག་འབེལ་བ”བཅས་ཀྱི་འཕེལ་ཚུལ་བཟང་པོ་ཞིག་ཆགས་ཡོད།

གནད་སྨིན་ཇུས་འདོན་བྱས་ནས་ཕྱུགས་ཁྱུའི་གྲུབ་ཆ་ལེགས་སུ་བཏང་ཞིང་། འབྲི་གཡག་གྲུབ་ཆ་ལེགས་སྒྲིག་གི་བྱ་དགའ་དང་ཁ་གསབ་སྤྲོད་པའི་ལས་གྲྭ་ལག་ལེན་བསྟར་བ་དང་། 《ནག་ཆུ་གྲོང་ཁྱེར་གྱི་འབྲི་གཡག་གྲུབ་ཆ་ལེགས་སྒྲིག་གི་བྱ་དགའ་དང་ཁ་གསབ་ལས་གྲྭའི་ཚོད་ལྟའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཏོན་ཏེ། སྙན་རོང་རྫོང་དང་། སྦྲ་ཆེན་རྫོང་། སོག་རྫོང་བཅས་སུ་སྔོན་ལ་ཚོད་ལྟ་བྱས་ནས་ལག་ལེན་བསྟར་བ་དང་། “འབྲིའི་མགོ་གྲངས་མང་དུ་གཏོང་བ་དང་གཡག་གི་མགོ་གྲངས་ཉུང་དུ་གཏོང་བའི”ཕྱོགས་གཉིས་ཀྱི་ལྕག་སྐུལ་ལམ་སྲོལ་ཁྱབ་གདལ་བཏང་སྟེ། འབྲི་མགོ་གྲངས་གཅིག་མང་དུ་བཏང་ན་སྒོར་460རེའི་ཚད་གཞི་གཞིར་བཟུང་སྔ་རྗེས་སུ་ཁ་གསབ་སྒོར་ཁྲི་322ཙམ་སྤྲད་ཡོད།

ལམ་སྲོལ་གསར་གཏོད་བྱས་ནས་བཤས་གཏོང་ནུས་པ་ཆེ་རུ་བཏང་ཞིང་། དུས་བཞི་ཀུན་ཏུ་བཤས་གཏོང་ལ་བྱ་དགའ་དང་ཁ་གསབ་སྤྲོད་པའི་ལམ་སྲོལ་བཙུགས་པ་དང་། “ནོར་སྲིད་དང་ཁེ་ལས”ཟུང་འབྲེལ་གྱི་མ་འཇོག་སྣ་མང་ཞུགས་པའི་རྣམ་པ་བཏོད་དེ་མ་དངུལ་སྒོར་ཁྲི་333བསྡུ་རུབ་བྱས་ལ། གཉེར་སྐྱོང་བྱེད་པོ་གསར་པ་དང་ཁེར་རྐྱང་ཞིང་འབྲོག་དུད་ཚང་ལ“དུས་བཞི་ཀུན་ཏུ་བཤས་གཏོང་གི་ཁ་གསབ་དང་ཁྲོམ་རའི་མཉམ་འགུལ”གྱི་སྲིད་ཇུས་ལག་ལེན་བསྟར་ནས་ཁ་གསབ་སྒོར་ཁྲི་266.03སྤྲད་པས། མཉམ་ལས་ཁང་31དང་འབྲོག་དུད་ཁྲི་1.7ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

རྨང་གཞི་བརྟན་དུ་བཏང་ནས་གཟན་རྩྭ་དང་གཟན་ཆག་འགན་ལེན་བརྟན་པོ་བྱས་ཤིང་། སྒོར་ཁྲི་390བཏང་ནས་འདེབས་འཛུགས་དང་། ཉོ་སྒྲུབ། འཕྲུལ་འཁོར་དང་ལག་ཆའི་ཁ་གསབ་སྤྲད་པས་སྲིད་ཇུས་ཁྱབ་ཚད་85.5%ཟིན་པ་དང་། ཁ་གསབ་སྒོར་ཁྲི་333.36སྤྲད་དེ་འབྲོག་པ་མང་ཚོགས་ཀྱིས་མི་ཐབས་རྩྭ་འདེབས་དང་གཟན་རྩྭ་རང་གྲབས་བྱེད་པའི་ཧུར་སེམས་ཆེ་རུ་ཕྱིན་ཡོད།

(རིག་རྡོར་གྱིས་བསྒྱུར། ཚེ་ལྷ་དང་རིག་རྡོར་གྱིས་ཞུས)