ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར་བོད་ཀྱི་ལོ་དེའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ནས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
དེ་ལྟ་བུའི་དགའ་འོས་པའི་གྲུབ་འབྲས་ཐོབ་དོན་ནི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་རང་འགན་གཙང་སྒྲུབ་དང་ཐབས་ལམ་མང་པོ་སྤྱད་ནས་ལས་ཞུགས་ཀྱི་ལས་གནས་གསར་སྤེལ་བྱས་པ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱི་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། སྔོན་དཔག་བརྟན་པོ་བཅས་ཀྱི་དོན་ཆེན་ཨང་དང་པོར་བརྩི་བཞིན་ཡོད། 2024ལོར་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཁྲི་7.56གསར་སྤེལ་བྱས་པ་དེ་དུས་མཚུངས་ལས་5%འཕར་ཡོད་པ་རེད།
ཁྲོམ་རར་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱེད་པའི་གསོན་ཤུགས་འཕེལ་ཆེད། རང་ལྗོངས་ཀྱིས་ལས་གནས་གསར་སྤེལ་དང་ཁ་གསབ་དངུལ་སྤྲོད་པ་ཕྱོགས་གཉིས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་འགན་བཅོལ་ཁ་གསབ་དང་ལས་ཞུགས་བསྡུ་ལེན་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་སྦབ་ཆ་གཅིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། 2024ལོར་རིམ་རྩིས་བརྒྱབ་ན་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་བྱས་པའི་ཁ་གསབ་སྒོར་དུང་ཕྱུར་9.8སྤྲད་པ་དེ་ལས་མི་ཐེངས་ཁྲི་3.8ལ་ཕན་པ་ཐོབ་ཡོད། 2024ལོར་ལྗོངས་ཡོངས་ཀྱིས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཁྱོན་སྒོར་དུང་ཕྱུར་2.6ལྷག་ཙམ་དམའ་རུ་བཏང་བ་དེ་ལས་ཁེ་ལས་ཁྲི་1.6ལ་ཕན་པ་ཐོབ་པ་དང་། ལས་གནས་བརྟན་གཏོང་གི་ཁ་གསབ་དང་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་4669.47སྤྲོད་ཐེངས་གཅིག་ལ་སྤྲད་པ་དེ་ལས་ཁེ་ལས་3042ལ་ཕན་པ་ཐོབ་ཡོད་པ་རེད།
ལས་ཞུགས་ཞབས་ཞུ་ལེགས་སུ་གཏོང་བའི་ཐད་རང་ལྗོངས་ཀྱིས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་ཕྱོགས་བསྡུས་དྲ་རྒྱ་བཙུགས་ཤིང་། “གཞི་གཅིག་ཅན་གྱི་རིག་ལྡན་ལས་བསྡུའི་ལས་སྟེགས”བརྒྱུད་ཁྲུང་ཆིང་སོགས་ཞིང་ཆེན་དང་གྲོང་ཁྱེར་25ལ་གྲངས་གཞི་དུས་ཐོག་ཏུ་མཉམ་སྤྱོད་བྱས་ཏེ་རང་འགུལ་ངང་ཆེད་ལས་དང་འཚམ་པའི་ལས་གནས་འོས་སྦྱོར་གནད་སྨིན་བྱས་པ་དང་། དྲ་ཕྱིར་ལས་བསྡུའི་འདུ་ཚོགས་ཐེངས་1000ལྷག་ཙམ་གཉེར་བ་དེ་དུས་མཚུངས་ལས་11.1%མང་དུ་ཕྱིན་པ་དང་མི་ཐེངས་ཁྲི་8.71ཟིན་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་ཚོགས་སྤྱི་ལས་བསྡུའི་འདུ་ཚོགས་གཉེར་ཡུལ་དུ་ལས་ཀ་འཚོལ་བར་ཡོང་བ་ལོ་སྔོན་མ་དང་བསྡུར་ན་མང་དུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ནས་རང་ལྗོངས་ཀྱིས“འགན་གཙང་ལེན”གྱི་འགན་འཁྲི་དམ་དུ་བཏང་སྟེ“1+7”གྱི་འགན་འཁྲིའི་གསལ་ཐོ་བཟོས་ནས་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མ་ཚང་མར“1131”(ལས་རིགས་ཀྱི་མཛུབ་ཁྲིད་ཐེངས་1དང་། ཁྱིམ་དུ་འཚམས་འདྲི་ཐེངས་1 ལས་གནས་འོས་སྦྱོར་ཐེངས་3 གསོ་སྦྱོང་ངམ་ལྟ་སྦྱོང་གི་གོ་སྐབས་ཐེངས་1མཁོ་འདོན་བྱེད་པ)གི་ལས་ཞུགས་རོགས་སྐྱོར་བྱས་པ་དང་། ལས་བྱེད་པ་ཁྲི་1.4ཡིས“ལས་ཞུགས་ཀྱི་མཐུན་སྦྱོར་བ”བྱས་ནས“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། ལས་ཞུགས་ཀྱི་འདུན་པ་ཡོད་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་ཐོན་སློབ་མ་100%ལས་ཞུགས་ཐུབ་པར་རོགས་རམ་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་གི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་ལ་བལྟས་ཚེ། རྒྱ་ཆེའི་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་དང་རང་སྐྱོང་ལྗོངས་དོ་དམ་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཀྱིས་ནུས་པ་མངོན་གསལ་དོད་པོ་བཏོན་ཡོད། གྲངས་གཞི་ལས་མངོན་པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཚུན་དུ། ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་ཁྲི་2.53མཁོ་འདོན་བྱས་པ་དང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་ཡན་ལ་ལས་གནས་སྤྲད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འཚོལ་ཞིབ་ལོ་མང་བྱས་པ་བརྒྱུད། རང་ལྗོངས་ཀྱི་ལས་ཞུགས་ཞབས་ཞུའི་སྡེ་ཚན་གྱིས་རྒྱ་ཆེའི་ཀྲུང་དབྱང(གཞུང་ཁོངས)ཁེ་ལས་དང་མཉམ་དུ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི“སྲིད་ཇུས་དང་། ཞབས་ཞུ། རིག་གནས་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་རྒྱབ་སྐྱོར་མ་ལག་བཙུགས་པ་རེད། སྲིད་ཇུས་གཞི་འཛིན་སར་བྱས་ཏེ་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་འགན་བཅོལ་ཁ་གསབ་དང་ཁྱིམ་འཛུགས་དོད་དངུལ་སོགས་སྒོར་དུང་ཕྱུར་9.8སྤྲད་པ་དེ་ལས་མི་ཐེངས་ཁྲི་3.8ལ་ཕན་པ་ཐོབ་པ་དང་། ཞབས་ཞུ་སྔོན་ལ་བཞག་ནས་ལྗོངས་ཕྱིར་ལས་ཞུགས་ཀྱི་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་ཏེ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་ཡོད། (སྐལ་མཆོག་གིས་བསྒྱུར། ལྷག་ཚེས་ཞུས)