《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月05日

སྣ་དཀར་རྩེ་རྫོང་གིས།

“འགྱུར་ལྡོག་གསུམ”གྱི་ལས་དོན་གཏིང་ཟབ་སྤེལ་ནས་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་ཀྲེ་ཅང་གི“ཁྲི་སྟོང་ལས་གྲྭའི”དམིགས་ཚད་དང་བསྟུན་ནས་བ་ཚང་སྒོ་ར་དེ་ཉིད་སྐྱེད་ཚལ། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་བཅས་སུ་འགྱུར་བའི“འགྱུར་ལྡོག་གསུམ”གྱི་ལས་དོན་ཚད་བརྒལ་སར་བྱས་ཏེ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་འགྱུར་ལྡོག་གི་ལམ་བུ་འཚོལ་ཞིབ་བྱས་པ་རེད།

སྣ་དཀར་རྩེ་རྫོང་གིས“འགྱུར་ལྡོག་གསུམ”གྱི་ལས་དོན་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རྣམ་གྲངས་སུ་བཞག་ཡོད། དྲེལ་བཏགས་ཁ་གྲོང་ཚོ་དཔེ་སྟོན་གྲོང་ཚོར་བྱས་ནས་དུད་ཚང་39ཡི་ཡུལ་མིའི་སྒོ་ར་དང་སྤྱི་པའི་ས་ཁོངས་སྨི་570ལྷག་ཙམ་ལ་ར་བ་བདེ་བླག་ངང་བསྐོར་བས་ར་སྐོར་གྱི་སྤུས་ཚད་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད། སྔོན་དཔག་བྱས་ན། ད་ལོའི་ཟླ་6པའི་ཟླ་དཀྱིལ་དུ་དེ་སྔའི་བ་ཚང་ནང་དུ་མེ་ཏོག་དང་རྩྭ་རྩི་ཤིང་གིས་ཁེངས་རྒྱུ་རེད།

སྣ་དཀར་རྩེ་རྫོང་གིས་དྲེལ་བཏགས་ཁ་གྲོང་ཚོ་དཔེ་མཚོན་དུ་བྱས་ཏེ“འགྱུར་ལྡོག་གསུམ”གྱི་ཉམས་མྱོང་ཁྱབ་གདལ་བཏང་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། “སྒོ་རའི་དཔལ་འབྱོར”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་པའི་འབབ་འཕར་ལ་རོགས་རམ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་མལ་ལ་འཚམས་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་རེད།