འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིར་ཐུགས་ཁུར་དང་ཞབས་འདེགས་ཡག་པོ་ཞུ་བའི་དུས་མཚུངས་སུ། ཁོང་ཚོར་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱི་དང་གྲོང་ཁྱེར་སྡེ་ཁུལ་གྱི“སེམས་མཐུན་མཉམ་སྐྱོང”གི་རྣམ་པ་གསར་པ་བཏོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གྲོང་ཁུལ་ནང་གི་མྱུར་སྐྱེལ་བ་དང་། མངགས་སྐྱེལ་བ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་སོགས་གཙོར་བྱས་གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིའི་རྒྱུན་ལྡན་ལས་ཀའི་ཁྲོད་གློག་སྒུལ་སྦག་སྦག་གི་གློག་གསོག་དགོས་མཁོ་དངོས་ལ་བསམ་གཞིག་བྱས་ཏེ། པད་མ་སྒང་ཁྲོམ་གཞུང་གིས་རང་འགུལ་ངང་འབྲེལ་ཡོད་ཀུང་སི་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ། ཁོངས་གཏོགས་ཁུལ་ནང་གི་ཅ་སུང་སྡེ་ཁུལ་གྱི་ཉི་འོད་ཆར་སིམ་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་སྒོ་ཁ་དང་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་ཏང་འཛུགས་སྐྱོང་ལས་སྒྲུབ་ཁང་གི་འགྲམ། དེ་བཞིན་འབྲི་གཡག་ཐང་ཆེན་གྱི་གསར་བརྗེའི་ས་ཚིགས་རྒྱབ་བཅས་སུ་གློག་གསོག་སྒྲོམ་དང་གློག་སྡོང་མང་པོ་སྒྲིག་སྦྱོར་བྱས་ནས། གསར་དུ་ལས་ཞུགས་བྱས་པའི་མང་ཚོགས་ཀྱིས་ཐག་ཉེ་ས་ནས་གློག་སྒུལ་སྦག་སྦག་ལ་གློག་གསོག་རྒྱུར་སྟབས་བདེ་བསྐྲུན་པ་རེད།
གསར་འགོད་པས་མངགས་སྐྱེལ་བ་མང་པོའི་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གློག་གསོག་སྒྲོམ་དང་གློག་སྡོང་བཙུགས་པ་ལས་ཁོང་ཚོའི་ལས་ཀ་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་རེད། མོས་འདེམས་ལས་སྟེགས་ཀྱི་མངགས་སྐྱེལ་པ་ཁྲེན་ལགས་ཀྱིས“གློག་གསོག་སྒྲོམ་དང་གློག་སྡོང་ཡོད་པས་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་སོང་། རྒྱུན་དུ་འབྲི་གཡག་ཐང་ཆེན་གྱི་གསར་བརྗེའི་ས་ཚིགས་ཉེ་འགྲམ་དུ་མངགས་ཐོ་སྐྱེལ་མཁན་ཚོས་བྱ་ཐབས་དེར་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་འདུག”ཅེས་བཤད།
“མངགས་སྐྱེལ་པ་དང་མྱུར་སྐྱེལ་བས་ཅ་དངོས་སྐྱེལ་བའི་བརྒྱུད་རིམ་ཁྲོད་འཕྲོད་བསྟེན་ཁོར་ཡུག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་སྔར་བས་མགྱོགས་མྱུར་ངང་ཤེས་རྟོགས་ཐུབ་ཀྱི་ཡོད། ཁོང་ཚོས་གནད་དོན་དྲ་མིག་ཚོགས་པར་བསྐུར་རྗེས་ང་ཚོས་འཕྲལ་མར་ལས་དོན་མི་སྣ་མངགས་ནས་ཐག་གཅོད་ཀྱི་ཡོད་པས། གནད་དོན་ཐག་གཅོད་ཀྱི་ལས་ཆོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་པད་མ་སྒང་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།