《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月03日

ཉིང་ཁྲི་གྲོང་ཁྱེར་གྱིས་ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱེད་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཤུལ་འཛིན་མཁན་ཡོད་པའི་རྩ་བའི་འཆར་གཞི་ཆེན་པོ་དེར་དམིགས་ནས། ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་འཆར་གཞི་བཏོན་པ་དང་། ན་གཞོན་ལས་བྱེད་པ་འདེམས་བསྐོ་དང་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲུབ་ཆ་ལུགས་མཐུན་དང་། བྱང་ཚད་ལེགས་པ། གྲངས་འབོར་འདང་ངེས་བཅས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་པ་རེད།

“ལས་བྱེད་པར་འཇོན་ཐང་ཡོད་མེད་དབྱེ་འབྱེད་ཇི་ལྟར་བྱེད་པ་དང་ལས་ཀའི་གྲུབ་འབྲས་ལ་གདེང་འཇོག་ཇི་ལྟར་བྱེད་པར”དམིགས་ནས། ཉིང་ཁྲི་གྲོང་ཁྱེར་གྱིས་ལོ་ལྟར་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ། “དབྱིངས་ཞུགས་རྣམ་པའི”བརྟག་ཞིབ་བྱེད་སྟངས་གསར་གཏོད་བྱས་ནས་ལས་གནས་དང་ལས་འགན་སྒྲུབ་ས་སོགས་སུ་བསྐྱོད་པ་དང་གྲོང་མིའི་ས་ནས་ལས་བྱེད་པ་ཤེས་རྟོགས་བྱས་ཤིང་། ལས་བྱེད་པར་གླེང་མོལ་བྱེད་སྐབས་བསྡུར་ཚད་མི་བཟོ་བ་དང་རྣམ་པ་ཚོད་འཛིན་མེད་པར་ལྷུག་པོར་གླེང་ནས། རང་འགུལ་ངང་འབྲེལ་འདྲིས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ལ་བདེན་གཏམ་དང་དོན་དངོས་བརྗོད་དུ་བཅུག་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་རིམ་པ་དང་རིགས་ཕྱེ་ནས་ན་གཞོན་ལས་བྱེད་པའི་ཆ་འཕྲིན་མཛོད་བཟོས་ཏེ། ལོ་40མན་གྱི་རྫོང་རིམ་པ་གཞོན་པའི་ལས་བྱེད་པ་དང་ལོ་35མན་གྱི་ཁོའོ་རིམ་པ་རྒན་པའི་ལས་བྱེད་པ་ཚང་མ་ན་གཞོན་ལས་བྱེད་པའི་ཆ་འཕྲིན་མཛོད་ནང་བཅུག་པ་དང་། ཆ་འཕྲིན་བབ་བསྟུན་གསར་སྒྱུར་བྱས་ཏེ་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་དགོས་རིགས་ཚང་མ་གསོ་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་ན་གཞོན་ལས་བྱེད་པ་ནུས་རྒྱུ་གཙང་མ་གསར་སྤེལ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་དེ་བཞིན་གྲོང་གསེབ་དར་རྒྱས་དང་མཐའ་སྟོབས་མཐའ་བརྟན་སོགས་འགག་རྩའི་ལས་གནས་སུ་སྦྱོང་བརྡར་ལ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། གྲོང་ཨུད་ཏང་གི་སློབ་གྲྭར་བརྟེན་ནས་ལོ་གསུམ་རེར་ན་གཞོན་ལས་བྱེད་པར་རེས་སྐོར་སྦྱོང་བརྡར་ཐེངས་རེ་བྱེད་པ་དང་། ལོ་ལྟར་ན་གཞོན་ལས་བྱེད་པ་ངེས་ཅན་ཞིག“ཀྲུང་དབྱང་པུའུ་ཨུད་གསུམ”དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་གཏོང་བ། ན་གཞོན་ལས་བྱེད་པ་40མངའ་རིས་དང་ནག་ཆུ་སོགས་ས་བབ་མཐོ་བའི་ས་ཁུལ་དུ་ཟླ་བ་གསུམ་སྦྱོང་བརྡར་བྱེད་པར་གཏོང་བ། ཕུལ་བྱུང་ན་གཞོན་ལས་བྱེད་པ་20ཀོང་ཏུང་གི་འབྲེལ་ཡོད་སྡེ་ཚན་དུ་ལས་ཐོག་སློབ་སྦྱོང་བྱེད་པར་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་སྒོ་དབྱེའི་མཐོང་རྒྱ་ཆེ་རུ་བཏང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་བ་མ་ཟད། རྒྱུན་རྣམ་ཅན་གྱི་སྒོ་ནས་ན་གཞོན་ལས་བྱེད་པ་ཁྱབ་ཁོངས་ལས་སྒྲོལ་བ་དང་། རྫོང་ཁོངས་ལས་སྒྲོལ་བ། རིམ་པ་ལས་སྒྲོལ་བ་བཅས་ཀྱི་སྤེལ་རེས་དང་ལས་འགན་འཁུར་དུ་བཅུག་སྟེ་ན་གཞོན་ལས་བྱེད་པ་ལས་གནས་མང་པོ་ནས་སྦྱོང་བརྡར་ཐེབས་པ་དང་ཤེས་རྩལ་འཛོམས་པའི་མི་ཞིག་ཏུ་འགྱུར་བར་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་རྫོང(ཆུས་དང་གྲོང་ཁྱེར)གི་ཁོའོ་རིམ་པ་རྒན་པའི་ལས་བྱེད་པ་འདེམས་བསྐོ་དང་བེད་སྤྱོད་དང་ཐོ་བཀོད་ཀྱི་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་གཤམ་སྤྲོད་བྱས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ལོ་ལྟར་ལས་བྱེད་པ་གོ་གནས་སྤར་ནས་སྤྱོད་པའི་ཁྲོད་ན་གཞོན་ལས་བྱེད་པས་བཟུང་བའི་བསྡུར་ཚད་ལྔ་ཆ་གཅིག་ལས་མི་ཉུང་བ་ཡོད་པ་རེད། 2025ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཁོའོ་རིམ་པ་རྒན་པ་དང་དེ་ཡན་གྱི་རིམ་པ་ཁག་གི་ན་གཞོན་ལས་བྱེད་པས་དེ་མཚུངས་ཀྱི་རིམ་པ་ཁག་གི་ལས་བྱེད་པའི་བསྡོམས་འབོར་གྱི་10%ཡས་མས་བཟུང་རྒྱུ་དང་། གྲོང་ཁྱེར་ཐད་གཏོགས་ཚན་པའི་ཚན་ཁག་40%ལ་མ་མཐར་ཡང་ལོ་37ཡས་མས་ཀྱི་རྫོང་རིམ་པ་གཞོན་པའི་ལས་བྱེད་པ་1བཀོད་སྒྲིག་བྱ་རྒྱུ། རྫོང་རིམ་པའི་ཏང་སྲིད་ཚན་ཁག་ལ་མ་མཐར་ཡང་ལོ་37ཡས་མས་ཀྱི་རྫོང་རིམ་པ་གཞོན་པའི་ལས་བྱེད་པ1བཀོད་སྒྲིག་བྱ་རྒྱུ། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས། ཁོའོ་རིམ་པ་རྒན་པ་དང་དེ་ཡན་གྱི་རིམ་པ་ཁག་གི་ན་གཞོན་ལས་བྱེད་པས་དེ་མཚུངས་ཀྱི་རིམ་པ་ཁག་གི་ལས་བྱེད་པའི་བསྡོམས་འབོར་གྱི་15%ཡས་མས་བཟུང་རྒྱུ་དང་། གྲོང་ཁྱེར་ཐད་གཏོགས་ཚན་པའི་ཚན་ཁག་80%ལ་ཉུང་མཐར་ཡང་ལོ་37ཡས་མས་ཀྱི་རྫོང་རིམ་པ་གཞོན་པའི་ལས་བྱེད་པ1བཀོད་སྒྲིག་བྱ་རྒྱུ། རྫོང་རིམ་པའི་ཏང་སྲིད་ཚན་ཁག་ལ་ཉུང་མཐར་ཡང་ལོ་35ཡས་མས་ཀྱི་རྫོང་རིམ་པ་གཞོན་པའི་ལས་བྱེད་པ་1བཀོད་སྒྲིག་བཅས་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་ཁྲོད་གཞི་རྩའི་ཆ་ནས་ན་གཞོན་ལས་བྱེད་པ་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ་རེད།

2024ལོར“80ནང་སྐྱེས”ཀྱི་རྫོང་རིམ་པའི་ལས་བྱེད་པ་48གོ་གནས་སྤར་ནས་བློས་འགེལ་བེད་སྤྱོད་བྱས་པ་དང་90%ཕུལ་བྱུང་དཔྱད་ཞིབ་ལོན་པ། རྫོང(ཆུས་དང་གྲོང་ཁྱེར)ཏང་སྲིད་ཚན་ཁག་གི་ཁོངས་མིའི་ཁྲོད“80ནང་སྐྱེས”ཀྱི་ལས་བྱེད་པའི་བསྡུར་ཚད་46%བར་མཐོ་རུ་ཕྱིན་པ་དང་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་དེ་བས་མང་བ་འབུར་དུ་ཐོན་ནས་ལས་འགན་ལྕི་པོ་འཁུར་གྱི་ཡོད་པ་རེད།