2012ལོར་སྤྱི་བདེའི་ལས་ཀར་ཞུགས་པ་ནས་བཟུང་། རེན་ཅིང་ལེང་གིས་ཉེས་དོན་དང་། ལྟ་ཞིབ། བཀོད་འདོམས་ལྟེ་གནས་སོགས་ཀྱི་ལས་གནས་སུ་ལེགས་སྐྱེས་འབུལ་མྱོང་ཡོད། 2021ལོའི་ལོ་མཇུག་ཏུ། ལྷ་ཡུལ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་གི་ལས་འགན་ཁུར་བ་དང་། ལས་འགན་གསར་པ་ཁུར་རྗེས་ཀྱི་ལོ་དེ་དག་ནང་ཁོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་དང་། “མངགས་ཐོའི་འདུམ་འགྲིག”དང“ཁུག་མ་ཁྱེར་ནས་ཉེན་དོན་སྒྲུབ་པ”“དུས་བདེའི་འོས་འགན་ཉེན་ཟོན”སོགས་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་པས། ཉེན་ཁ་སྣ་ཚོགས་འགོག་ཟོན་དང་། དཀའ་གནད་སྣ་ཚོགས་སེལ་བ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྲུང་བ་བཅས་ཀྱི་ཕུལ་བྱུང་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
མང་ཚོགས་ཀྱི་དཀའ་ངལ་བསལ་ནས་འགལ་ཟླ་དང་རྩོད་གཞི“ཐག་གཅོད་བྱེད་མཁན”ལ་གྱུར་པ།
ལྷ་ཡུལ་ཤང་མངགས་གཏོང་ཁང་གི་དོ་དམ་བྱེད་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་228ཟིན་པ་དང་། ཁོངས་གཏོགས་ཁུལ་དུ་སྲིད་འཛིན་གྲོང་ཚོ་5དང་མི་འབོར་4460ཡོད། མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་བརྟན་པོ་བཅངས་བའི་རེན་ཅིང་ལེང་གིས་མི་དམངས(ལས་རོགས)ཉེན་རྟོག་པའི་སྣེ་ཁྲིད་དེ་གྲོང་ལྷན་དུ་སྐྱོད་པ་དང་། ཞིང་དུད་དུ་སྐྱོད་པ། ཁེ་ལས་སུ་སྐྱོད་པ། མང་ཚོགས་ལ་འཚམས་འདྲི་བྱེད་པ་བཅས་བྱས་ཏེ། དོན་དངོས་དང་མཐུན་པའི་ཉེན་དོན་ལས་སྒྲུབ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྒྲུབ་སྟངས་ཤིག་འཚོལ་ཞིབ་ཧུར་ཐག་བྱས་ཡོད།
2022ལོའི་ཟླ་6པར། མང་ཚོགས་སངས་ཆེ་གེ་མོ་དང་ཟླ་ཆེ་གེ་མོ་གཉིས་ས་ཞིང་གི་བདག་དབང་སྐོར་ལ་རྩོད་པ་ཆེན་པོ་ཤོར་བ་རེད། མང་ཚོགས་ཀྱི་ཁྱིམ་དུ་བཅར་འདྲིར་སྐྱོད་སྐབས་རེན་ཅིང་ལེང་གིས་དེའི་སྐོར་ཤེས་རྗེས། ཁོང་གཉིས་ཀྱི་ཁྱིམ་དུ་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་བྱས།
གནས་ཚུལ་དེ་ཤེས་རྗེས་རེན་ཅིང་ལེང་ལ་ཐབས་བཟང་ཞིག་རྙེད་པ་སྟེ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལས་བྱེད་པ། གྲོང་ཚོའི་ཉམས་མྱོང་རྒན་པོ་སོགས་ལས་གྲུབ་པའི་འདུམ་འགྲིག་ཚོགས་པ་ཞིག་བཙུགས་ཏེ“མངགས་ཐོའི་འདུམ་འགྲིག”ལ་བརྟེན་ནས་མང་ཚོགས་ཀྱི་འགལ་ཟླ་གཅིག་འཐུས་ཀྱིས་ཐག་གཅོད་བྱས་ན་མ་འགྲིག་གམ་སྙམ།
མང་ཚོགས་དབར་འགལ་ཟླ་དང་རྩོད་གཞི་ཐོན་སྐབས། རེན་ཅིང་ལེང་གིས་སྣེ་ཁྲིད་དེ“མངགས་ཐོའི་འདུམ་འགྲིག”བྱེད་སྟངས་བརྒྱུད་ཟུར་གཡོལ་ལམ་སྲོལ་ལ་གཞིགས་ནས་ཐད་ཀར་འདུམ་འགྲིག་པའི་ཆ་འཕྲིན་ཡོངས་བསྒྲགས་སྒྲོམ་བྱང་དུ་མིང་འདོན་བྱས་ཏེ། ཕྱོགས་གཉིས་ཀས་བློས་འཁེལ་བའི“གཞུང་དྲང་བ”བདམས་ནས་འདུམ་འགྲིག་བྱས་པས་འདུམ་འགྲིག་གི་སྤུས་ཕན་གཉིས་ཀར་སྐུལ་འདེད་ཐེབས་ཡོད།
བྱ་བ་དངོས་བསྒྲུབས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“སྙིང་ཉེ་བར”གྱུར་པ།
ལྷ་ཡུལ་ཤང་གི་མང་ཚོགས་ཀྱི་སྡོད་གནས་ཅུང་ཁ་ཐོར་ཡིན་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པས་ཞབས་ཞུ་དང་དོ་དམ་ཐད་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད།
དུས་ཐོག་ཏུ་མང་ཚོགས་ཀྱི་འདུན་པ་ཤེས་རྟོགས་བྱ་ཆེད། རེན་ཅིང་ལེང་གིས་མངགས་གཏོང་ཁང་ལ“དྲ་ཐོག་གི་ཉེན་དོན་ལས་སྒྲུབ”བྱེད་སྟངས་བཏོད་དེ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། དྲ་མིག་པ། སློབ་ཆེན་སློབ་མ་སོགས་ཀྱི་སྐད་འཕྲིན་འབྲེལ་གཏུག་ཚོགས་པ་ཞིག་བཙུགས་ཤིང་། ཁོང་གིས་འབྲེལ་ཡོད་ཀྱི་ཆ་འཕྲིན་ཚང་མར་ལན་བརྒྱབ་ནས་སྙིང་ཉེ་བའི་ཞབས་འདེགས་ཞུས་པར་མང་ཚོགས་བློ་ཡིད་ཚིམས་པོ་བྱུང་ཡོད།
ཐེངས་གཅིག་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཤིག་ལ་རྐུ་ཤོར་ནས་གློག་ཚལ་རྒྱག་ཆས་དང་གཅོད་འབྲེག་འཕྲུལ་འཁོར་སོགས་ཡོ་ཆས་བརླགས་ཤིང་། གནས་ཚུལ་སྙན་སེང་འབྱོར་རྗེས། རེན་ཅིང་ལེང་གིས་སྣེ་ཁྲིད་དེ་འཕྲལ་མར་འདྲི་རྩད་དང་བརྟག་ཞིབ་བྱས་ནས་གློག་མིག་ཕོན་ཆེན་དང་གྲངས་གཞི་ཆེན་པོར་དབྱེ་ཞིབ་བརྡར་གཅོད་བྱས་ཤིང་། ཆུ་ཚོད་78བསྟུད་མར་འབད་བརྩོན་བྱས་མཐར་ཉེས་གསོག་དོགས་ཅན་བདེ་བླག་ངང་བཟུང་སྟེ་རྐུ་དངོས་ཚང་མ་ཚུར་བླངས་ཡོད། ཁེ་ལས་གཉེར་སྐྱོང་བས་དགའ་སྤྲོའི་ངང་ལས་འགོ་བརྩམས་པ་མཐོང་སྐབས། རེན་ཅིང་ལེང་གི་ངལ་དུབ་འཕྲལ་དུ་མེད་པར་གྱུར་ནས་བརྟན་འཁྱོངས་དང་བློས་གཏོང་བྱས་པ་ཚང་མ་བྱེད་རིན་ཆོག་པའི་ཚོར་སྣང་བྱུང་ཡོད།
བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དུས་བདེ“སྲུང་མཁན”ཞིག་ཏུ་གྱུར་པ།
རེན་ཅིང་ལེང་གིས“རུ་ཁག་གཉིས་དང་ཁང་གཅིག”གི་ཉེན་དོན་ལས་སྒྲུབ་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུ་དམ་འཛིན་བྱ་གཞི་དང་། ཤང་དང་གྲོང་ཚོའི་རིམ་གཉིས་དོ་དམ་དྲ་བ་སྒྱུར་བཅོས་བྱ་རྒྱུ་གཞི་རྟེན། ཉེན་དོན་ལས་སྒྲུབ་ཞིབ་ཚགས་ཅན་གྱི་དོ་དམ་ལ་བརྟེན་ནས་ཚད་ལྡན་འཁོར་སྐྱོད་ལ་སྐུལ་གཏོང་བཅས་བྱས་པས་གཞི་རིམ་གྱི་ཉེན་དོན་ལས་སྒྲུབ་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་བྱ་བར་བསམ་སྤྱོད་གཅིག་མཐུན་བྱུང་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ཡུལ་ཤང་མངགས་གཏོང་ཁང་གིས་སྲིད་ཁྲིམས་ཀྱི“ཀུན་མཐོང་འདུ་འགོད”ལ་བརྟེན་ནས་སྡེ་ཚན་མང་པོར་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་ཤུགས་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཚང་མར་ཉེན་གཏོང་སྒྲིག་ཆས་སྒར་རོགས་དང་ཆུ་ཚོད་24ཡི་རིང་སྔོན་འགོག་དང་ཚོད་འཛིན་བྱས་པས། རྡུང་རྡེག་དང་སྔོན་འགོག་གི་ནུས་པ་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་ཆེ་རུ་ཕྱིན་ཡོད།
“མིག་སྔར། ཤང་ཡོངས་སུ་འོས་འགན་ཉེན་དོན་པ་20ཡོད་པ་དང་། ཁོང་ཚོས་གཙོ་གནད་མི་སྣ་དང་། གནད་ཚིགས་གལ་ཆེན། གཙོ་གནད་མཚམས་ཚིགས་བཅས་ལ་དམ་པོར་དམིགས་ནས་བདེ་འཇགས་སྐོར་གཡེང་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་སོགས་ཀྱི་ལས་དོན་མཐུན་སྦྱོར་ངང་སྤེལ་གྱི་ཡོད”ཅེས་རེན་ཅིང་ལེང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས“དུས་བདེའི་འོས་འགན་ཉེན་ཟོན”ཚོགས་ཆུང་བཙུགས་ཚུན། ཁྲོམ་གཞུང་ལ་སྐོར་གཡེང་དང་། འགྲིམ་འགྲུལ་ཁ་འགྲེམ། མཚན་མོའི་སྐོར་གཡེང་སོགས་ཀྱི་ལས་དོན་ནང་ཞུགས་པ་མ་ཟད། འཕྲལ་སྡོམ་ནང་སྦྱོང་ཐེངས་12བྱས་པ་དང་། མང་ཚོགས་ཀྱི་རོགས་སྐྱོབ་རེ་ཞུ་ཁག་30ལྷག་ཙམ་བདག་སྤྲོད་བྱས་པ། མང་ཚོགས་ཀྱི་བློ་འདྲི་མི་ཐེངས་80ལྷག་ཙམ་དང་ལེན། མང་ཚོགས་ཀྱི་དཀའ་ངལ་དངོས་40ལྷག་ཙམ་ཐག་གཅོད་བྱས་ཡོད།
རེན་ཅིང་ལེང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཉེན་རྟོག་པའི་འགན་འཁྲི་དང་ལས་འགན་ལ་འགྲེལ་བཤད་བརྒྱབ་ཅིང་། ཁོང་གི་སྣེ་ཁྲིད་འོག་2023ལོར་ལྷ་ཡུལ་ཤང་མངགས་གཏོང་ཁང་བོད་ལྗོངས་ཀྱི་ཁག་གཉིས་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”དང་། 2024ལོར་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཞི་རིམ་ཏང་རྩ་འཛུགས་དཔེ་སྟོན་ས་ཚིགས་དང་། ལྗོངས་ཡོངས་ཀྱི་ཕུལ་བྱུང་སྤྱི་བདེའི་གཞི་རིམ་ཚན་པར་བདམས་ཡོད།
(པ་སངས་ཚེ་རིང་དང་བསྟན་འཛིན་བློ་གྲོས་ཀྱིས་སྒྱུར་ཞུས་བྱས)