《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月29日

དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་གྱི་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ།

ཟླ་10པའི་ཟླ་མཇུག་ཏུ་མང་ཚོགས་ཚང་མ་སྤོ་ཐུབ་པ་བྱ་རྒྱུ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་བྱུང་བ་དང་། གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཟླ་5ཚེས་1ཉིན་ནས་བཟུང་ཕྱོགས་ཡོངས་ནས་ལས་འགོ་འཛུགས་རྒྱུ་རེད།

ཟླ་1ཚེས་7ཉིན་ས་ཡོམ་བརྒྱབ་ཚུན། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མི་སྣ་འཚོལ་སྐྱོབ་ཀྱི་དམག་འཐབ་དང་། ཚན་རིག་དང་མཐུན་ལ་ལས་ཕྱོད་ཆེན་པོས་རྨས་མ་སྐྱོབ་བཅོས་ཀྱི་དམག་འཐབ། སྒྲིག་འཛུགས་ནུས་ལྡན་དང་འགན་སྲུང་ནུས་ལྡན་གྱིས་མང་ཚོགས་བཀོད་སྒྲིག་གི་དམག་འཐབ་བཅས་བརྒྱབ་པ་བརྒྱུད། ཟླ་3ཚེས་3ཉིན་བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྗེས་མཐུད་ལས་དོན་དངོས་སུ་འགོ་ཚུགས་རྗེས། མིག་སྔར་འཆར་འགོད་དཔེ་རིས་ནས་ཨར་ལས་འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད། དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གཞུང་ལས་ཁང་གི་འགན་འཁུར་བས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མང་ཚོགས་སྡོད་ཁང་འཛུགས་སྐྲུན་ནང་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་དང་། གཅིག་གྱུར་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན། ཉམས་བཟོ་བརྟན་གཏོང་བཅས་ཁག་གསུམ་ཚུད་ཡོད། དེའི་ནང་། ཉམས་བཟོ་བརྟན་གཏོང་རྣམ་གྲངས་ཐད་དུད་ཚང་དུ་བསྐྱོད་དེ་འཆར་འགོད་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཟིན་པ་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གཅིག་གྱུར་ཐོག་འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཟླ་5ཚེས་1ཉིན་ནས་བཟུང་ཕྱོགས་ཡོངས་ནས་ལས་འགོ་འཛུགས་རྒྱུ་ཡིན་ཞིང་། བསྐྱར་སྐྲུན་བྱས་པའི་སྡོད་ཁང་ཚང་མར་ས་ཡོམ་རིམ་པ་8འགོག་པའི་ནུས་པ་ལྡན་པ་དང་ཟླ་10པའི་ཟླ་མཇུག་ཏུ་མང་ཚོགས་ཚང་མ་སྤོ་ཐུབ་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ཟླ་4ཚེས་24ཉིན། གསར་འགོད་པས་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་སྐྲུན་ཡུལ་དུ་མཐའ་བཞིར་ལྕགས་རི་བསྐོར་བའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པ་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། ཟིང་དཀར་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་ལ་མང་ཚོགས་ཀྱི་སྡོད་ཁང་སྟར་པ་126དང་། གྲོང་མིའི་རིག་གནས་བྱེད་སྒོ་སྤེལ་ས། རྨང་གཞིའི་སྒྲིག་བཀོད་དང་མཛེས་ལྗོངས་ཀྱི་སྒྲིག་ཆས་སོགས་ཚུད་པ་དང་། འཆར་གཞི་ལྟར་ན་ཟླ་ལྔ་པ་ནས་ལས་འགོ་འཛུགས་རྒྱུ་རེད། རྣམ་གྲངས་དུས་བཀག་ལྟར་བསྐྲུན་ནས་རྩིས་སྤྲོད་ཐུབ་པའི་འགན་ལེན་བྱ་ཆེད། ཨར་སྐྲུན་ཚན་པས་དུས་འགོའི་གྲ་སྒྲིག་གི་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅིང་། “ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”དང་། གཞུང་དོན་ཁུལ་དང་འཚོ་བའི་ཁུལ་བསྐྲུན་པ། དེ་བཞིན་ཨར་འདམ་གཡོ་ས་བསྐྲུན་པ་སོགས་ཚུད་ཡོད། དེ་དག་གིས་རྗེས་མཐུད་ཀྱི་ཨར་སྐྲུན་ལ་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།

སྤྱི་ལེ་གཉིས་ཀྱི་སར་ཡོད་པའི་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ། གསར་འགོད་པས་ས་འཁོད་ལེགས་པར་སྙོམས་ནས་ལྕགས་རི་བསྐོར་ཟིན་པ་དང་། ལྕགས་རྩིབས་དང་ཤིང་ཆ་ལས་སྣོན་ཁང་སོགས་བསྐྲུན་ཟིན་པ། དེའི་འཁྲིས་ཀྱི་བེད་མེད་ཀྱི་ས་ཆ་ཞིག་ཏུ་ལྕགས་རྩིབས་དང་ལྕགས་མདོང་སོགས་འཛུགས་སྐྲུན་རྒྱུ་ཆ་གྲལ་འགྲིག་པོར་བཞག་ཡོད་པ་མཐོང་བྱུང་། རྣམ་གྲངས་པུའི་འགན་འཁུར་བས། དགུ་རུམ་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལ་མང་ཚོགས་ཀྱི་སྡོད་ཁང་སྟར་པ་35གསར་དུ་བསྐྲུན་རྩིས་ཡོད། མིག་སྔར་གཏོར་སྐྱོན་ཕོག་པའི་སྡོད་ཁང་བཤིག་པ་དང་། སྙིགས་རོ་གཙང་སེལ་དང་ཐོ་འགོད། “ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”སོགས་ཀྱི་ལས་ཀ་ཚང་མ་བསྒྲུབས་ཟིན་ཡོད། དངོས་ཟོག་འདང་ངེས་དང་ཨར་སྐྲུན་འཕྲུལ་ཆས་དང་སྒྲིག་བཀོད་ཀྱང་གྲ་སྒྲིག་ཟིན་པས། ཟླ་5པར་ཕྱོགས་ཡོངས་ནས་ལས་འགོ་འཛུགས་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

“གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ནི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་གྱི་ཕུགས་ཀྱི་འཕེལ་རྒྱས། སྤྱི་ཚོགས་སྒྲིག་སྲོལ་ཞི་མཐུན་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པས། ང་ཚོས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུག་གི་བསམ་པ་བཅས་ཆེ་རུ་བཏང་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས”ཞེས་དིང་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་པ་རེད།

(རིག་རྡོར་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)