ཉིན་དགུང་གི་ངལ་གསོའི་མཚམས་སུ། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་མི་དམངས་སྲིད་གཞུང་གི་ལས་བཟོའི་དཔེ་ཁང་དུ་ནོར་དོན་ལས་བྱེད་པ་བདེ་སྐྱིད་སྒྲོལ་མས《ཨ་མ་ཡག་པོ་དགེ་རྒན་བཟང་པོ་ལས་ལྷག》ཅེས་པའི་དེབ་ཀློག་བཞིན་འདུག “ཁྱིམ་ལ་ཕྲུ་གུ་གཉིས་ཡོད། ཕྲུ་གུ་གསོ་བར་ཡོན་ཏན་ཆེན་པོ་དགོས་པས་སློབ་དེབ་དེ་བལྟས་ཚེ་ཕན་པ་ཧ་ཅང་ཆེན་པོ་འདུག”ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་བཤད། ཉེ་འགྲམ་དུ་ཡོད་པའི་ལས་རོགས་བདེ་སྐྱིད་ཀྱིས“ངས་སྲིད་ཇུས་ཁྲིམས་སྲོལ་མང་ཙམ་སྦྱངས་ཚེ་གཞི་ནས་མང་ཚོགས་ལ་དེ་བས་ཆེད་ལས་ཅན་གྱི་ཞབས་འདེགས་ཞུ་ཐུབ”ཅེས་བཤད། ད་ཆ་མ་དངུལ་སྒོར་ཁྲི་160བཏང་བ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་160ཟིན་པའི“རིག་གནས་གཟབ་སྦྱོང་ས་ཚིགས”དེ་ལས་བྱེད་ལས་བཟོ་ཚོའི“བསམ་པའི་རྒྱགས་ཕྱེ”ཞིག་ཏུ་གྱུར་ཡོད་པ་རེད།
“སྔོན་ཆད་དཔེ་སྒྲོམ་ཐོག་བཞག་པའི་སློབ་དེབ་ཐལ་རྡུལ་གྱིས་འཚོས་བཞིན་ཡོད། ད་ཆ་ཉིན་ལྟར་ཉིན་དགུང་གི་ངལ་གསོའི་མཚམས་སུ་སློབ་དེབ་ལྟ་མཁན་གྱིས་ཁེངས་ནས་སྡོད་ས་རག་གི་མི་འདུག”ཅེས་གནས་རྙིང་ཤང་གི་ཤང་ཀྲང་གཞོན་པ་བསྟན་འཛིན་ནོར་བུས་དཔེ་དེབ་གཡར་སའི་ཐོ་དེབ་ལ་མཛུབ་མོ་འཛུགས་ཀྱིན་བཤད། སྔོན་ཆད་གནས་རྙིང་ཤང་གི་དཔེ་ཁང་གི་སྒྲིག་བཀོད་རྙིང་ལ་དཔེ་དེབ་ཀྱང་གང་བྱུང་དུ་བཞག་ནས་ལྟ་མཁན་ཧ་ལམ་མེད། ན་ནིང་ཤང་ཏང་ཨུད་ཀྱིས“སློབ་སྦྱོང་རྣམ་པའི་ལས་ཁུངས”འཛུགས་རྒྱུ་དམིགས་ཚད་དུ་བྱས་ཏེ་ལྟ་ཀློག་དང་། སློབ་སྦྱོང་། ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཚད་གཞི་མཐོ་བའི་དཔེ་ཁང་བསྐྲུན་ཡོད།
གནས་རྙིང་ཤང་གི་རིག་གནས་ས་ཚིགས་སུ་སྐྱོད་སྐབས་སྒོ་དབྱེའི་རྣམ་པའི་ལྟ་ཀློག་ཁང་དུ་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་ལ་གོ་ཆོད་པའི་དཔེ་དེབ་བརྒྱ་ལྷག་ཙམ་གྲལ་འགྲིག་པོས་བསྒྲིགས་ཡོད་པའི་ནང་ཞིང་ལས་ཚན་རྩལ་ཁྱབ་གདལ་དང་། དམངས་སྲོལ་རིག་གནས། བྱིས་པའི་ཀློག་དེབ་སོགས་སྣ་ཁ་མང་པོ་ཡོད་པ་དང་བོད་རྒྱ་ཤན་སྦྱར་གྱི་ཀློག་དེབ་དང་ཡིག་རིས་མཉམ་འགོད་ཀྱི་དེབ་ཁག་སོ་སོར་བསྒྲིགས་ནས་མང་ཚོགས་ལྟ་བདེ་པོ་ཡོང་བར་བྱས་ཡོད། དུས་རྒྱུན་སློབ་གསེང་གི་དུས་སུ་དེ་ག་ནི་ཕྲུ་གུ་ཚོའི“སློབ་ཁང་གཉིས་པར”གྱུར་བ་དང་དགུན་གསེང་དང་དབྱར་གསེང་སྐབས་སུ་དེ་བས་མི་ཚོགས་ཀྱིས་ཁེངས་ནས་རིག་གནས་ས་ཚིགས་ཀྱི་ལས་དོན་པ་རྣམས“ཟུར་ཁྲིད་དགེ་རྒན”ལ་གྱུར་ཏེ་ཕྲུ་གུ་ཚོར་སློབ་སྦྱོང་ཐད་རོགས་རམ་བྱེད་ཀྱི་ཡོད།
གཞན་ཡང་། གནས་རྙིང་ཤང་རིག་གནས་ས་ཚིགས་ཀྱིས་གྲངས་འཛིན་ཅན་གྱི་སློབ་སྦྱོང་བར་མཐོངས་མཉམ་དུ་བཏོད་པ་དང་། གློག་རྡུལ་ལྟ་ཀློག་ཁང་དུ་དྲ་སྦྲེལ་གློག་ཀླད་མང་པོ་སྒྲིག་སྦྱོར་བྱས་ཡོད་པས་མང་ཚོགས་ཀྱིས་ག་དུས་ཡིན་ཡང་ས་ཚིགས་སུ་བསྐྱོད་ནས་སྲིད་ཇུས་ཀྱི་ཆ་འཕྲིན་དང་རྩལ་ནུས་སྐོར་འདྲི་ཆོག་པས“ཤང་ནས་དོན་མི་དགོས་པར”ཕུན་སུམ་ཚོགས་པའི་གྲངས་འཛིན་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ཡོད། “སྲོལ་རྒྱུན་དང་གྲངས་འཛིན་ཟུང་འབྲེལ་གྱི”ཕྱོགས་གཉིས་ཀྱི་ཞབས་འདེགས་ཞུ་སྟངས་ཐོག་ནས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་ནུས་ཕྱོད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།
དཀའ་སྤྱད་མཁན་ལ་འབྲས་བུ་ལས་ཀྱིས་ཐོབ་སྲིད། 2025ལོར་གནས་རྙིང་ཤང་གིས་ལྟ་ཀློག་གི་ལག་ལེན་དངོས་ལ་བརྟེན་པས། སྐབས་དེའི་བོད་ཀྱི“རིག་དཔལ་དར་བའི་ཚན་པའི”དཔྱད་འདེམས་བྱེད་སྒོར་བདེ་བླག་ངང་ཚུད་ཡོད་པ་རེད།
(བསྟན་བཟང་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)