“ཁང་གསུམ་མཉམ་འབྲེལ”གྱིས་བཀག་རྒྱ་གཏོར་ཏེ། འཕྲལ་རྐྱེན་མྱུར་སེལ་གྱི“ཟངས་གྱང་ལྕགས་རྩིག”བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གིས“དུས་བདེའི་བོད་ལྗོངས”འཛུགས་སྐྲུན་ཁྲིད་སྟོན་དུ་བྱས་ཏེ། “ཁང་གསུམ་མཉམ་འབྲེལ་གྱིས་བཀག་རྒྱ་གཏོར་བ་དང་། དྲ་གཉིས་མཉམ་འདྲེས་ཀྱིས་བཅོས་སྐྱོང་ཚགས་ཚུད་དུ་གཏོང་བ། གཅིག་འཐུས་རྣམ་པས་རྩོད་གཞི་འདུམ་འགྲིག་བྱེད་པ”བཅས་ཀྱི་གསར་གཏོད་བྱ་ཐབས་ཆེན་པོ་གསུམ་བརྒྱུད་གཞི་རིམ་བཅོས་སྐྱོང་ཐད“རྟ་རྐྱང་མི་རྐྱང”ནས“མ་ལག་སྤྱི་འདོམས”བར་གྱི་མཆོང་སྐྱོད་བྱུང་སྟེ་གཞི་རིམ་བཅོས་སྐྱོང་ལ་མིག་དཔེ་ཡག་པོ་བཏོད་ཡོད།
ལྷ་ཡུལ་ཤང་གིས་ཁོངས་ཁུལ་དབྱེ་བའི་སྲོལ་དོར་ནས“1+3+N”མཉམ་འབྲེལ་ལམ་སྲོལ་གསར་གཏོད་བྱས་ནས་བཟོས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་སྤྱི་འདོམས་ཀྱི་ལྟེ་གནས་གཅིག་ཏུ་བྱས་པ་དང་། ཁྲིམས་འཛིན་འདུམ་འགྲིག་དང་། མེ་ཟོན་རོགས་སྐྱོབ། བདེ་འཇགས་དོ་དམ་བཅས་ཕྱོགས་གསུམ་གྱི་སྟོབས་ཤུགས་གཙོ་བོ་བསྡུ་སྒྲིལ་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོ“ཨུ་ལྷན་གཉིས” མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ཡུལ་དམག དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ། དུས་བདེའི་འོས་འགན་ཉེན་རྟོག་པ། གྲོང་གསེབ་ཀྱི་འཇོན་ཐང་ཅན་སོགས་སྤྱི་ཚོགས་ཀྱི་ཐོན་ཁུངས་མང་པོ་མཉམ་འགུལ་བྱས་པས། ཆ་འཕྲིན་འབྲེལ་མཐུད་དང་། ཐོན་ཁུངས་མཉམ་སྤྱོད། ཐག་གཅོད་མཐུན་སྦྱོར་བཅས་ཀྱི་འཕྲལ་རྐྱེན་མྱུར་སེལ་མ་ལག་ཆགས་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན། མཉམ་འབྲེལ་ལམ་སྲོལ་ལག་ལེན་བསྟར་ཚུན། ཤང་ཡོངས་ཀྱི་འཕྲལ་སྡོམ་དང་ལེན་དུས་ཚོད་40%ཐུང་དུ་ཕྱིན་པ་དང་ཁྱབ་ཁོངས་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་སྒྱུར་ལས་ཕྱོད་60%མཐོ་རུ་སོང་བས“1+3>4”ཡི་བཅོས་སྐྱོང་ནུས་ཕྱོད་དངོས་སུ་མངོན་འགྱུར་བྱུང་ཡོད།
“དྲ་གཉིས་མཉམ་འདྲེས”ཀྱིས་བཅོས་སྐྱོང་ཚགས་ཚུད་དུ་བཏང་སྟེ།
དམངས་འཚོའི་ཞབས་ཞུའི“དྲ་རྒྱ”བཏོད་པ།
ལྷ་ཡུལ་ཤང་གིས“དྲ་སྦྲེལ་མཉམ་བཅོས”ཀྱི་གསར་གཏོད་བྱ་ཐབས་བཏོན་པ་སྟེ། ཆེད་བསྐོས་དྲ་མིག་པ་5དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་118“དྲ་གཉིས”དུ་སྒྲིལ་ཏེ་ཤང་ཡོངས་ཀྱི་དུད་ཚང་1100ལྷག་ཙམ་ལ་ཁྱབ་པའི“སྒོ་རྡུང་བའི་བྱ་སྤྱོད”སྤེལ་བ་རེད། དྲ་མིག་པས“དམངས་འཚོའི་གསལ་ཐོ”འཁྱེར་ནས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་དུད་སྦྲེལ་སྤྱི་མིས“སེམས་འབྲེལ་གཱ”འཁྱེར་ནས་དགོས་མཁོ་དྲིས་པ་བརྒྱུད་ཞིང་འབྲོག་ཁུལ་གྱི“དུད་ཚང་རེར་ཡིག་ཚགས་རེའི”སེམས་ཁམས་བདེ་ཐང་གི་རྒྱ་བོད་ཤན་སྦྱར་ཡིག་ཚགས་བཟོ་བའི་ལས་དོན་ཐུན་མོང་ཐོག་ལེགས་གྲུབ་བྱུང་བ་དང་། དམར་སེར་སྔོན་གསུམ་གྱི་ཉེན་བརྡའི་མ་ལག་དུས་གཅིག་ཏུ་བཟོས་ནས་གཙོ་གནད་མི་ཚོགས་ལ་བབ་བསྟུན་དོ་དམ་བྱས་པ་རེད།
“དྲ(དྲ་མིག་པ)+སྦྲེལ(‘གཉིས་ལྡན་དུད་སྦྲེལ’གྱི་སྤྱི་མི)Eའབྲེལ”སྐད་འཕྲིན་ཚོགས་པར་བརྟེན་ནས་དུས་བདེའི་དྲིལ་བསྒྲགས་རུ་ཁག་གིས་ཟླ་རེ་བཞིན་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་ལུགས་ཁྱབ་གདལ་སློབ་ཚན་འཚོགས་པ་དང་དུས་བདེ་སྐོར་སྲུང་རུ་ཁག་གིས་ཉིན་མཚན་ལྟོས་མེད་འབྲོག་ར་སྲུང་གི་ཡོད། ད་ཆ་ཤང་ཡོངས་ཀྱི་དམངས་འཚོའི་ཞུ་རེ་98%དྲ་མིག་ནང་ཁུལ་དུ་ཐག་གཅོད་བྱུང་ནས“དོན་ཆུང་ཁྱིམ་དུ་ཐག་གཅོད་དང་དོན་ཆེན་ཤང་དུ་ཐག་གཅོད”ཀྱི་བཅོས་སྐྱོང་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱུང་ཡོད།
“གཅིག་འཐུས་རྣམ་པས”རྩོད་གཞི་འདུམ་འགྲིག་བྱས་ཏེ།
དམངས་འཚོའི་དོན་དག་ཆེ་ཆུང་མེད་པར་མཐའ་ཚད་བརྟན་པོར་བསྲུངས་པ།
ཤང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཐོག་སོ་གཉིས་པར། “བསོད་ནམས་རྒྱལ་མཚན་གྱི་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང”གི་རིས་འགུལ་Logoདེ་མངོན་གསལ་ཤིན་ཏུ་དོད། དེ་ནི“90ནང་སྐྱེས”ཀྱི་ཆེད་བསྐོད་མི་དམངས་འདུམ་འགྲིག་པ་བསོད་ནམས་རྒྱལ་མཚན་གཙོ་བོར་བྱས་ནས་བསྐྲུན་པའི་ལྷ་ཡུལ་པར་གཞིའི“ཧྥེང་ཆའོ་ཉམས་མྱོང”གི་གཡུལ་ས་ཞིག་རེད། ཁྲིམས་འཛིན་དང་། ཡིག་འབུལ་ཞུ་བཅར། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཤང་ཐད་གཏོགས་ཀྱི“གཞུང་ལས་ཁང་ལྔ་དང་ལྟེ་གནས་གསུམ”གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། “སྣེ་ལེན་དང་། འདུམ་འགྲིག འཚམས་ལན་ཞུ་བ”བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་ཁྱབ་སྤེལ་བཏང་སྟེ། རིམ་རྩིས་བརྒྱབ་ན་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་། གཉེན་སྒྲིག་གི་རྩོད་གཞི། དཔལ་འབྱོར་གྱི་རྩོད་གཞི་སོགས་ཀྱི་འགལ་བ་ཁག་200ལྷག་ཙམ་ཐག་གཅོད་བྱས་ནས་འདུམ་འགྲིག་བྱེད་ཚད་98%ཟིན་ཡོད་པ་རེད།
ལས་དོན་ཁང་ལ་བརྟེན་ནས་ཤང་ཡོངས་ཀྱིས“རྩོད་གཞི་གྲལ་བཤེར་དང་། རིམ་དབྱེ་སྔོན་ཚུད་ཉེན་བརྡ་གཏོང་བ། སྣ་མང་འདུམ་འགྲིག རྗེས་འདེད་འཚམས་ལན”བཅས་ཀྱི་ལམ་སྲོལ་བཙུགས་ཏེ། 2025ལོ་ནས་ད་བར་ཡིག་འབུལ་ཞུ་བཅར་གྱི་གྲངས་འབོར་དུས་མཚུངས་ལས་35%ཆག་པས། “དོན་དག་ཡོད་ན་རྒྱལ་མཚན་འཚོལ་བ”དེ་ཞིང་འབྲོག་མང་ཚོགས་ཀྱི་ཁ་རྒྱུན་ལ་གྱུར་ཡོད། ལྷ་ཡུལ་ཤང་གི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད། ཏང་གི་འགོ་ཁྲིད་གཞི་རིམ་གྱི་འཐབ་ས་དང་པོར་དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་དུས་བདེ་འཛུགས་སྐྱོང་ཁྲོད་ནས་མིག་མཐོང་ལག་འཛིན་གྱི་ཚོར་སྣང་ཡོང་ཐུབ་པ་བྱས་ཡོད”ཅེས་བརྗོད།
(ཉི་དོན་དང་ཚེ་སྒྲོལ་གྱིས་སྒྱུར་ཞུས་བྱས)