འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ལས་ཞུགས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཆེད། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་དང་། ཞིང་འབྲོག་པའི་ལས་ཞུགས། དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་སོགས་ལ་དམ་པོར་དམིགས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་དང་། གསོ་སྦྱོང་གི་སྤུས་ཚད་ལ་ཞིབ་བཤེར། ལས་གཏོད་ཀྱི་ས་གནས་ས་ཐོག་ཏུ་ཞིབ་བཤེར། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ལས་དོན་རབ་དང་རིམ་པ་གཏིང་ཟབ་སྤེལ་ནས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
པ་སྣམ་རྫོང་གིས་གསོ་སྦྱོང་གི་འགག་སྒོ་ཡག་པོ་བསྲུངས་ཤིང་། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ས་བླུག་འཕྲུལ་འཁོར་དང་སྔོག་འཕྲུལ་གཏོང་སྟངས་དང་། མི་རིགས་ཀྱི་ལག་ཤེས་བཟོ་རྩལ། མ་བྱན་སོགས་བསླབས་ནས་མང་ཚོགས་མི་ཐེངས་1006ལ་གསོ་སྦྱོང་བྱས་པ་དང་མི་139ལས་ཞུགས་ཐུབ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ལས་ཞུགས་དང་ལས་གཏོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། སྤུས་ཚད་ཀྱི་འགག་སྒོ་ཡག་པོ་བསྲུངས་ཤིང་། གསོ་སྦྱོང་སློབ་གྲྭ་18ལ་བསྐྱོད་ནས་མ་བྱན་དང་། ས་བླུག་འཕྲུལ་འཁོར། སྔོག་འཕྲུལ་སོགས་ལས་རིགས་17ཡི་གསོ་སྦྱོང་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་རྩལ་ནུས་གསོ་སྦྱོང་ཚད་དང་ལྡན་ལ་གོ་རིམ་ལྡན་པ་དང་སྤུས་འབྲས་ལེགས་གཉེར་ཡོང་བའི་འགན་ལེན་བྱས་ཡོད། ཞིབ་བཤེར་གྱི་འགག་སྒོ་ཡག་པོ་བསྲུངས་ཤིང་། ཤང་དང་གྲོང་རྡལ་11གི་སྒེར་གཉེར་དུད་ཚང་དང་ཁེ་ལས་40ལྷག་ཙམ་ལ་བསྐྱོད་ནས་གཉེར་སྐྱོང་བྱ་ཡུལ་གྱི་གཞི་ཁྱོན་དང་སྒྲིག་བཀོད་བཀོད་སྒྲིག་སོགས་གཉེར་སྐྱོང་གི་གནས་ཚུལ་དངོས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ཏེ། དཔྱད་ཡིག་གི་དོན་དངོས་རང་བཞིན་ལ་བསྐྱར་ཞིབ་ནན་ཏན་བྱས་ནས“གཉིས་གཏོད”ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། དྲིལ་བསྒྲགས་ཀྱི་འགག་སྒོ་ཡག་པོ་བསྲུངས་ཤིང་། ཞིང་འབྲོག་པར་སྤྱོད་གོ་ཆོད་པའི་ལག་རྩལ་རིགས་ཀྱི་ལས་ཞུགས་ཁྲིད་སྟོན་གྱི་གསོ་སྦྱོང་བྱ་རྒྱུ་གོ་སྐབས་སུ་བཟུང་ཏེ་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་ནས་དྲིལ་བསྒྲགས་ཐེངས་11བྱས་པ་སྟེ། ཞིང་འབྲོག་པ་ཕྱིར་གླ་པར་བསྐྱོད་པའི་འགྲོ་གྲོན་ཁ་གསབ་དང་། ཞིང་འབྲོག་པའི་རང་བརྟེན་ལས་གཏོད་ཁ་གསབ། ལས་འཚོལ་ཁ་གསབ་སོགས་འབྲེལ་ཡོད་དམངས་ཕན་དང་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་པ་ཚོར་ལས་ཞུགས་འདུ་ཤེས་བསྒྱུར་ནས་ལས་ཞུགས་དང་རང་བརྟེན་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།
(སྐལ་མཆོག་གིས་བསྒྱུར། ལྷག་ཚེས་ཞུས)