《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月21日

དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྐུལ་སྤེལ་ཚོགས་ཆེན་འཚོགས་པ།

ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྐུལ་སྤེལ་ཚོཌ་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་དིང་རིའི་ས་ཡོམ་རིམ་པ་6.8སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་གིས་གདེང་ཚོད་བརྟན་པོ་དང་། སྙིང་སྟོབས་རབ་འཕེལ། མཐུན་སྒྲིལ་འབད་འཐབ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་བྱེད་དགོས་ཞེས་བསྟན་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཡན་ཅིན་ཧའེ་ཡིས་གསུངས་དོན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་བརྗིད་ཆེའི་འཆར་འགོད་ནས་ཨར་ལས་འཛུགས་སྐྲུན་གྱི་དུས་མཚམས་སུ་བསྒྱུར་ཡོད། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་བསམ་བློ་གཅིག་གྱུར་དང་། ཚུགས་གནས་མཐོར་གཏོང་། དམིགས་ཚད་གཏན་འཁེལ། ཧྲག་དམག་དཔུང་འཇུག་བཅས་བྱས་ཏེ། སྤུས་ཚད་དང་། འཕེལ་རིམ། བདེ་འཇགས། སྤྱོད་གཙང་བཅས་ལ་དམིགས་ནས་བློ་བརྟན་འགྱུར་མེད་ངང་མང་ཚོགས་ཀྱི་གེགས་རྗེས་ཀྱི་སྡོད་ཁང་བསྐྱར་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པ་མ་ཟད་དམག་འཐབ་ཀྱི་རྒྱལ་ཁ་ལེན་དགོས།

ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གོ་སྐབས་སུ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཡུལ་མིར་ཁྱིམ་གཞིས་གསར་པ་ཡོད་པ་དང་། སྐྱེ་ཁམས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། སྒྲིག་བཀོད་ལ་ལེགས་བཅོས་གསར་པ་ཡོང་བ། ཐོན་ལས་ཀྱི་རྣམ་པ་གསར་པ་ཆགས་པ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་གེགས་ཁུལ་གྱི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་མང་ཚོགས་རྣམས་ཐབས་ཇུས་གལ་ཆེན་ནང་ཞུགས་མཁན་དང་། གེགས་རྗེས་སླར་གསོ་འཛུགས་སྐྲུན་བྱེད་མཁན། བསྐྱར་སྐྲུན་གྲུབ་འབྲས་ཀྱི་ཕན་པ་ཐོབ་མཁན་བཅས་སུ་འགྱུར་བར་བྱེད་དགོས། མཐུན་སྒྲིལ་སྐུལ་ལྕག་མཐའ་འཁྱོངས་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ལ“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ”ཞེས་པའི་གཙོ་འཛིན་གྱི་བརྩེ་སེམས་དང“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”ལམ་ལུགས་ཀྱི་ལེགས་ཆ་གསལ་པོ་ཤོད་པ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གསལ་པོ་བཤད་དེ་སྤུས་མཐོ་ནུས་ཆེའི་སྒོ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

(སྐལ་མཆོག་གིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)