འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྔར་ནས་བཟུང་། རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། སྔོན་དཔག་བརྟན་པོ་བཅས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་འགན་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། 2024ལོར་ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ནས་རིམ་པ་མང་པོ་དང་ཐབས་ལམ་མང་པོ་ནས་གཅིག་སྡུད་ཐོག་ཤུགས་རྒྱག་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
རང་ལྗོངས་ཀྱིས་ལས་གནས་མཁོ་སྤྲོད་བྱ་རྒྱུ་དེ་ལས་ཞུགས་གང་ལེགས་ཐུབ་པའི་འགན་སྲུང་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པས། 2024ལོར་རིམ་རྩིས་བརྒྱབ་ན་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཁྲི་7.56གསར་སྤེལ་བྱས་པ་དེ་དུས་མཚུངས་ལས་5%འཕར་ཡོད། དེའི་ནང་གཞུང་ཁོངས་ཀྲུང་དབྱང་ཁེ་ལས་ཀྱི་ལས་གནས་སྣ་ཚོགས་7063ཡོད་པ་དེ་2023ལོ་ལས་10%ཙམ་འཕར་ཡོད། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་ལས་ཞུགས་བསྡུ་ལེན་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ཁག་གཅིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས། རིམ་རྩིས་བརྒྱབ་ན་མཐོ་སློབ་སློབ་ཐོན་སློབ་མར་ཁྲོམ་རའི་ལས་ཞུགས་ཁ་གསབ་སྒོར་དུང་ཕྱུར་9.8སྤྲད་པར་མི་ཐེངས་ཁྲི་3.8ལ་ཕན་པ་ཐོབ་ཡོད།
ལས་ཞུགས་ཞབས་ཞུ་ལེགས་སུ་གཏོང་བའི་ཐད“གཞི་གཅིག་ཅན་གྱི་རིག་ལྡན་གདན་ཞུའི་ལས་སྟེགས”བརྒྱུད་དེ། ཁྲུང་ཆིང་སོགས་ཞིང་ཆེན་དང་གྲོང་ཁྱེར་25དང་གྲངས་གཞི་དུས་ཐོག་ཏུ་མཉམ་སྤྱོད་བྱས་ནས། ལས་བསྡུའི་འདུ་ཚོགས་སྣ་ཚོགས་ཐེངས་1000ལྷག་ཙམ་གཉེར་བ་དེ་དུས་མཚུངས་ལས་11.1%མང་དུ་ཕྱིན་ཡོད། འགན་སྲུང་འགན་འཁྲི་ནན་དུ་བཏང་ནས“1+7”གྱི་འགན་འཁྲིའི་གསལ་ཐོ་བཟོས་ཏེ།“1131”(ལས་རིགས་མཛུབ་ཁྲིད་ཐེངས་1བྱེད་པ་དང་། ཁྱིམ་དུ་བཅར་འདྲིར་ཐེངས་1ཡོང་བ། ལས་གནས་ངོ་སྤྲོད་ཐེངས་3བྱེད་པ། གསོ་སྦྱོང་དང་དངོས་སྦྱོང་གི་གོ་སྐབས་ཐེངས་1མཁོ་འདོན་བྱེད་པ)གི་ལས་ཞུགས་རོགས་སྐྱོར་བྱས་པ་དང་། ལས་བྱེད་པ་ཁྲི་1.4སྒྲིག་འཛུགས་བྱས་ནས་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མར“གཅིག་གཏད་གཅིག”གི་རོགས་སྐྱོར་བྱས་ཏེ། ལས་ཀར་འགྲོ་འདོད་ཡོད་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་100%ཟིན་ཡོད།
(བདེ་དབང་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)