འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། སློབ་གྲྭའི་བརྙས་བཅོས་དེ་སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་ལ་གྱུར་ནས། ན་སོ་དར་ལ་མ་བབས་པའི་མིའི་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་ཐེབས་པ་མ་ཟད། ཁོང་ཚོའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོས་ཏེ། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ན་སོ་དར་ལ་མ་བབས་པའི་མིའི་ནག་ཉེས་གསོག་ཚད་ཀྱང་མང་དུ་འགྲོ་སྲིད། ལས་རིགས་སློབ་འབྲིང་དང་མཐོ་འབྲིང་ནི་སློབ་གྲྭའི་བརྙས་བཅོས་ཀྱི་སྣང་ཚུལ་ཐོན་སླ་བ་དང་ཐོན་མང་ས་ཞིག་རེད།
ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི“ཁྲིམས་སྐྱོང་སློབ་སྤྱི་གཞོན་པ”4ཡིས་ལྷ་ས་གྲོང་ཁྱེར་ལས་རིགས་སློབ་འབྲིང་དང་པོ་དང་། མཐོ་འབྲིང་གཉིས་པ། མཐོ་འབྲིང་གསུམ་པ། མཐོ་འབྲིང་བཞི་པ་བཅས་སློབ་གྲྭ་བཞིར་བསྐྱོད་དེ་གཞོན་ནུ་ལོ་ཆུང་ཚོར་དཔྱིད་དུས་སློབ་དུས་ཀྱི་ཁྲིམས་སྐྱོང་སློབ་ཚན་དང་པོ་ཁྲིད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་ལ་དམིགས་ནས། “ཁྲིམས་སྐྱོང་སློབ་སྤྱི་གཞོན་པ”4ཡིས་དམིགས་སའི་རང་བཞིན་ལྡན་པའི་ངང་སློབ་ཚན་གྲ་སྒྲིག་བྱས་པ་རེད། ཁོང་ཚོས་སྤྱི་ཚོགས་ཐོག་གླེང་མང་བའི་གྱོད་དོན་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་བའི་སྐད་ཆའི་ཐོག་ནས་གང་ཞིག་ནི་སློབ་གྲྭའི་བརྙས་བཅོས་ཡིན་པ་དང་། སློབ་གྲྭའི་བརྙས་བཅོས་ཀྱི་གནོད་འཚེ། སློབ་གྲྭའི་བརྙས་བཅོས་ལ་ཁ་གཏད་ཇི་ལྟར་གཅོག་དགོས་པ། སློབ་གྲྭའི་བརྙས་བཅོས་ལ་ངོ་རྒོལ་སོགས་ཀྱི་ནང་དོན་གསལ་འགྲེལ་བྱས་པ་དང་། སློབ་མ་ཚོར་སློབ་གྲྭའི་བརྙས་བཅོས་སྔོན་འགོག་དང་ཁ་གཏད་ཡང་དག་གཅོག་པ་དང་བློ་ཁོག་ཆེན་པོས་སློབ་གྲྭའི་བརྙས་བཅོས་ལ་མགོ་མི་སྒུར་བ་བཅས་བྱས་ནས་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་བྱེད་ཤེས་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།
གཞན་ཡང་། སློབ་ཁྲིད་ཀྱི་གོ་སྐབས་སྤྱད་དེ་ཁྲིམས་དཔོན་གྱིས་ད་དུང་སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་དང་གཙོ་གནད་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དྲིལ་བསྒྲགས་བྱས་ཏེ། སློབ་མའི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས“རྒྱལ་ཁབ་བདེ་འཇགས་ཡོང་བར་མི་ཚང་མར་འགན་འཁྲི་ཡོད་པའི”རྣམ་པ་ཟབ་མོ་བསྐྲུན་པ་རེད།
(ལྷག་ཚེས་བསྒྱུར། སྐལ་མཆོག་གིས་ཞུས)
འདི་ནི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པར་སློབ་གྲྭའི་བརྙས་བཅོས་སྐོར་གྱི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་བཞིན་པ།