འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2013ལོ་ནས་བཟུང་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་གཏེར་ཆུའི་ཆེད་དོན་སྐྱེལ་འདྲེན་ལས་དོན་སྤེལ་ཚུན་ཁྱོན་གཏེར་ཆུ་ཏུན་ཁྲི་150ལྷག་ཙམ་དབོར་བ་དང་མང་ཤོས་སུ་ལོར་ཏུན་ཁྲི་25.6དབོར་བས་བོད་ཀྱི་རང་བྱུང་གཏེར་ཆུ་ཤོག་སྒམ་ཁྲི་2281ལྕགས་ལམ་དྲ་རྒྱ་བརྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་དབོར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཁྱད་ལྡན་ཐོན་ལས་དེ་དཔལ་འབྱོར་ལེགས་ཆར་བསྒྱུར་ནས་མཚོ་བོད་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ཀྱིས་ཀྲུང་གོ་ལྕགས་ལམ་མྱུར་འདྲེན་ཚོགས་པ་དང་མཉམ་དུ་ཚོང་གཉེར་ཚོགས་ཆུང་བཙུགས་ནས“ཁེ་ལས་རེ་ལ་སྲིད་ཇུས་རེའི”ཟོག་འགྲེམས་ཀྱི་འགན་སྤྱི་གཙང་ལེན་གྱི་ཞབས་ཞུ་བསྒྲུབས་ཏེ་གཏེར་ཆུ་སྐྱེལ་འདྲེན་ལ“ཤར་གཏོང་བགྲོད་ལམ”བཏོད་པ་དང་། 95306གི་ཟོག་འདྲེན་ཕྱོགས་བསྡུས་རིག་ལྡན་ཞབས་ཞུའི་ལས་སྟེགས་སྤྱད་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་དང་མྱུར་སྒྲུབ་བྱས་པས་ཁེ་ལས་ལ་སྐྱེལ་འདྲེན་གྱི་དུས་ཚོད་ཐུང་དུ་དང་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་ནུས་ལྡན་བཏང་ཡོད། མིག་སྔར། མཚོ་བོད་ས་མཐོའི་རང་བྱུང་གཏེར་ཆུའི་ཐོན་ལས་དེ་ལྕགས་ལམ་གྱི་རོགས་རམ་འོག་ཅུང་འཐུས་སྒོ་ཚང་བའི་ཐོན་འཚོང་འཁོར་འབྲེལ་ཞིག་གྲུབ་ནས། ཐོན་རྫས་ཀྲུང་ཧྭའི་བྱང་རྒྱུད་དང་། ཤར་རྒྱུད། ལྷོ་རྒྱུད་བཅས་ཀྱི་འཛད་སྤྱོད་ཁྲོམ་རར་ཁྱབ་ཡོད་པ་རེད།