《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月16日

བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ཧའེ་ཁོའུ་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་13ཉིན“སྒོ་དབྱེའི་གོ་སྐབས་མཉམ་དུ་སྤྱོད། བདེ་སྐྱིད་འཚོ་བ་མཉམ་དུ་བཏོད”ཅེས་པའི་བརྗོད་དོན་གཙོ་བོའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པ་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་ཚོགས་པའི་སྣེ་ཁྲིད་དེ་སྟོན་ཚོགས་ཞུགས་པ་མ་ཟད། བོད་ལྗོངས་འགྲེམས་ཁང་ལ་བརྟག་ཞིབ་དང་སྐོར་ཞིབ་ཀྱང་གནང་བ་རེད།

ཀྲའོ་ཕེང་གིས་བོད་ལྗོངས་འགྲེམས་ཁང་དུ་ཕེབས་ནས་འགྲེམས་ཞུགས་ཁེ་ལས་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། འགྲེམས་ཞུགས་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས་ད་ཐེངས་ཀྱི་འཛད་རྫས་དངོས་མང་སྟོན་ཚོགས་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པ་དང་། བོད་ཀྱི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། ཚང་མས་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་པར་དེ་བས་ལེགས་པའི་སྤེལ་རེས་ཉམས་ལེན་གྱི་ཞབས་ཞུ་སྒྲུབ་པ་དང་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས། བོད་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

ཚེས་14ཉིན། ཀྲའོ་ཕེང་དང་བཅས་པ་བོད་རང་སྐྱོང་ལྗོངས(ཧའེ་ཁོའུ)ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གན་འཇོག་མཛད་སྒོར་ཞུགས་པ་རེད། ཀྲའོ་ཕེང་གིས་ཤིས་ཚིག་སྒྲོན་སྐབས། ད་ལྟའི་བོད་ལྗོངས་ཀྱི་འཕེལ་རྒྱས་མདུན་ལམ་ཡངས་པ་དང་གོ་སྐབས་མང་པོ་ལྡན་པས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཉམ་དུ་སྐྲུན་པའི་རེ་བ་ཡོད་ཅེས་གསུངས་པ་རེད། ཚོགས་འདུའི་ཐོག་གཞིས་རྩེའི་ཅིན་ཧྲེང་དྭངས་གཙང་ཚ་ཤུགས་ཚད་ཡོད་ཀུང་སི་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་དབར་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས(དུས་ཐེངས་དང་པོ)ལ་མིང་རྟགས་བཀོད་པ་དང་། བོད་ལྗོངས་ལུན་ཀྲོན་ཧྲེང་དབྱི་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སི་དང་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་མི་དམངས་སྲིད་གཞུང་དབར་མཛོ་སྒང་རྫོང་གི་318མཁོ་སྤྲོད་འཁོར་འབྲེལ་དོ་དམ་རླངས་འཁོར་ཞབས་ཞུའི་རྣམ་གྲངས་ལ་མིང་རྟགས་བཀོད་པ་དང་གན་འཇོག་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་10.15ཟིན་ཡོད་པ་རེད།