ཉིན་ཤས་བསྟུད་མར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཞིང་འབྲེལ་གཉེར་སྐྱོང་བྱེད་པོར་དམིགས་ནས་ཁྲལ་གྲོན་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཁྲལ་དོན་གཟིགས་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་བཏང་ནས། ཞིང་འབྲེལ་གཉེར་སྐྱོང་བྱེད་པོར་ཞིང་འདེབས་ཀྱི་དུས་ཚོད་དམ་འཛིན་གྱིས་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད།
གྲངས་འབོར་ངེས་ཅན་བཟུང་བའི་ཞིང་འབྲོག་པའི་མཉམ་ལས་ཁང་ལ་དམིགས་ནས་ཉེན་བརྡ་གཏོང་བའི་དྲན་སྐུལ་ལས་དོན་ཡག་པོ་བསྒྲུབས་པ།
ཞིང་འབྲོག་པའི་མཉམ་ལས་ཁང་ནི་རྫོང་ཁོངས་སུ་གྲངས་འབོར་ངེས་ཅན་བཟུང་བའི་ཞིང་འདེབས་ཐོན་ལས་གཉེར་སྐྱོང་བྱེད་པོ་ཞིག་རེད། ལྷུན་གྲུབ་རྫོང་ཁྲལ་དོན་ཅུས་ཀྱི་ལས་བྱེད་པ་ཉི་མ་དབང་གྲགས་ཀྱིས་ངོ་སྤྲོད་བྱས་དོན། ཁོངས་གཏོགས་ཁུལ་གྱི་ཞིང་འབྲེལ་ཐོན་ལས་མཉམ་ལས་ཁང་མང་ཆེ་བས་ནོར་ཁྲལ་གྱི་ཤེས་བྱར་རྒྱུས་མངའ་དེ་ཙམ་མེད་པ་དང་། ཆེད་བསྐོས་ནོར་དོན་ལས་དོན་པ་མེད་པའམ་གདན་ཞུ་བྱས་མེད་པ་སོགས་ཀྱི་གནས་ཚུལ་ཡོངས་ཁྱབ་ཏུ་ལྷགས་ཡོད་པས། ཕྱོགས་གསུམ་པའི་ཁྲལ་དོན་དང་འབྲེལ་བའི་ལས་ཚབ་སྒྲིག་གཞིས་མཉམ་ལས་ཁང་གི་རྒྱུན་གཏན་གྱི་ཁྲལ་འབྲེལ་དོན་གནད་ལ་འགན་འཁུར་རུ་བཅུག་ཡོད། ཡིན་ནའང་རྒྱུན་དུ་ལས་ཚབ་ཕྱོཌ་གཉིས་པོའི་འབྲེལ་གཏུག་གནད་དོན་གྱི་རྐྱེན་པས་ཁྲལ་འཇལ་འདུན་ཞུ་བྱེད་ནོར་ཤོར་བ་ལས་ཁྲལ་འབྲེལ་གྱི་ཁྲིམས་འགལ་ཉེན་ཁ་ཐོན་གྱི་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དེར་བརྟེན། ཅུས་དེས་མཉམ་ལས་ཁང་ཁག་གིས་གདན་ཞུ་བྱས་པའི་ཕྱོགས་གསུམ་པའི་སྒྲིག་གཞིའི་ནོར་དོན་ལས་དོན་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས། ཁོང་ཚོར་ནོར་འཛོལ་ཡོད་པ་འདུན་ཞུ་བྱས་པའི་དཔེ་མཚོན་ལ་དབྱེ་ཞིབ་དང་ཁྲལ་གྲོན་སྣ་ཚོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གསེད་བཀྲོལ་བྱས་ཏེ། གཉེར་སྐྱོང་བྱེད་པོ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་དང་སྐུལ་འདེད་བཏང་ཡོད།
“མེད་དུ་མི་རུང་བའི”ལུགས་མཐུན་དང་ཚད་ལྡན་གྱི་གཉེར་སྐྱོང་ལ་དམིགས་ནས་རང་རྟོགས་ཞབས་འདེགས་ཡག་པོ་ཞུས་པ།
ལུགས་མཐུན་དང་ཚད་ལྡན་ངང་གཉེར་སྐྱོང་བྱེད་པ་ནི་གཉེར་སྐྱོང་བྱེད་པོ་མདུན་དུ་བརྟན་པོ་སྐྱོད་པ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་རེད། ཁྲལ་དོན་གྱི་ཉེན་ཁ་བསལ་ཚེ་ཞིང་འབྲེལ་གཉེར་སྐྱོང་བྱེད་པོའི་སེམས་ནད་སེལ་ཐུབ་ནས། སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་ཐུབ།
བོད་ལྗོངས་ཀོང་ཅི་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་ནི་ཆུ་ཤུར་རྫོང་གི་ཞིང་སྤྱོད་རྒྱུ་ཆ་ཐོན་སྐྱེད་ཁེ་ལས་ཤིག་ཡིན་པ་དང་། དེས་སྔ་བར་ཕྱི་གསུམ་དུ་ཞིང་ཆུ་གཏོང་བའི་སྒྲིག་ཆས་དང་གྲོང་གསེབ་ཀྱི་གཞུང་ལམ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ཏེ་རྫོང་ཁོངས་ཀྱི་ཞིང་ལས་ཐོན་སྐྱེད་ནུས་ཆེ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཆུ་ཤུར་རྫོང་ཁྲལ་དོན་སྡེ་ཚན་གྱིས་དཔྱིད་རྨོད་དཔྱིད་གྲབས་གོང་ཁེ་ལས་དེའི་ཞིང་ཆུ་འདྲེན་གཏོང་སྒྲིག་ཆས་ཉོ་ཚོང་བྱེད་ཚད་ཤུགས་ཆེན་འཕར་བར་དམིགས་ཏེ་ཁྲལ་འབབ་ཀྱི་གྲངས་གཞིར་དབྱེ་ཞིབ་བརྡར་གཅོད་བྱས་པ་བརྒྱུད་རང་རྟོགས་ངང་ཁེ་ལས་ལ་གནས་ཐང་འཕར་ཁྲལ་སྤ་སེའི་མང་ཉུང་དྲིས་པ་མ་ཟད། ཁེ་ལས་ལ“གཅིག་གཏད་གཅིག”གི་མཛུབ་ཁྲིད་རོགས་རམ་བྱས་ནས་ཁེ་ལས་དེ་ཉིད་ཁྲལ་གྲོན་སྲིད་ཇུས་དང་ཁྲལ་འབྲེལ་གྱི་དོན་གནད“གསལ་ཤེས་པར”འགྱུར་བར་བྱས་ཡོད།
“ཁྲལ་དོན་སྡེ་ཚན་གྱི་ཉེ་བཅར་ཞབས་ཞུ་དང་གཟིགས་སྐྱོང་སྲིད་ཇུས་ཀྱིས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཞུགས་རིང་ང་ཚོའི་ཡིད་ཆེས་དང་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང་། ང་ཚོས་མུ་མཐུད་སྤུས་ཚད་མཐོ་བའི་ལས་གྲྭར་བརྟེན་ནས་བོད་ཀྱི་ཞིང་ལས་འཕེལ་རྒྱས་ལ་རང་ནུས་གང་ཡོད་འདོན་གྱི་ཡིན”ཞེས་ཀུང་སིའི་ནོར་དོན་འགན་འཁུར་བ་ཀྲང་ཧྲོའེ་ཡིས་བཤད།
“རང་སོའི་ཁྱད་ཆོས”ལྡན་པའི་ཁེ་ལས་ལ་དམིགས་ནས་ཐོན་ལས་ཕྱོགས་སྒྱུར་བྱེད་རོགས་བྱས་པ།
ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱིས་གྲངས་འཛིན་ལག་རྩལ་སྤྱད་དེ་རིག་ནུས་ཅན་གྱི་འདེབས་འཛུགས་དྲོད་ཁང་ཆེ་མོ་བརྒྱབ་ཅིང་། ཚོར་ཆས་དང་ཟོག་འབྲེལ་དྲ་རྒྱ་བརྒྱུད་ཞིང་ཆུ་འདྲེན་པ་དང་། ལུད་རྒྱག་པ། ནད་འབུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་བཅས་གནད་སྨིན་ཡོང་བར་བྱས་པས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་དང་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་ཏེ་བོད་ཀྱི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཆགས་ཡོད། ལྷ་ས་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་དཔེ་སྟོན་ཁུལ་དེའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཆེད་ལས་ཀྱི་ཞབས་ཞུའི་ཚོགས་པ་སྒྲིག་འཛུགས་དང་། གླིང་ཁུལ་ལ་བརྟག་ཞིབ་བྱེད་པར་སྐྱོད་པ། རང་སོའི་ཁྱད་ཆོས་ལྡན་པའི་ཁྲལ་བསྡུའི་ཞབས་འདེགས་ཞུ་བ། ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལ་ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་གྱི་ཁེ་ལས་ཀྱི་ཐོབ་ཁྲལ་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཕན་པ་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།
ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“གོམ་སྟབས་རྗེས་མར། ངེད་ཅུས་ཀྱིས་མུ་མཐུད་སྲོལ་རྒྱུན་ཞིང་འབྲོག་ལས་ཐོན་ལས་ཀྱི་ཁྲལ་འབྲེལ་བྱེད་པོའི་ཁྲལ་འཇལ་དོན་གནད་ཀྱི་ཞབས་ཞུའི་དོ་དམ་ལས་དོན་ཡག་པོ་བསྒྲུབས་ཏེ་གཉེར་སྐྱོང་བྱེད་པོ་ལུགས་མཐུན་དང་། ཚད་ལྡན། སྐྱོན་བྲལ་བཅས་ཀྱི་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།
(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)